ལས་འགུལ་ལ་ཁྱེད་ཀྱི་ཁ་དང་ངའི་སྣ་ཟེར་དགོས་དོན་མེད།

གྲོགས་ཟིན་བྲིས་པ་ཡོངས་དང་ཀློག་པ་པོ་ཡོངས་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ།  མིག་སྔར་བྱུང་བའི་གནས་ཚུལ་ཁག་མང་པོ་ཞིག་ཁྱེད་ཅག་གིས་མཁྱེན་པ་ལས། ངེད་དག་གིས་དེ་ཙམ་གྱིས་ཤེས་རྒྱུ་མ་བྱུང་། 

 

དེ་ནི་ཇི་ཙམ་གྱིས་ལ་རྒྱ་ཡོད་མདོག་དང་།  བདེན་དོན་ལ་རྩོད་ཁུལ་བྱས་ཀྱང་མིག་སྔར་བྱུང་བའི་དོན་སྐྱེན་ཛ་དྲག་ཁག་ལ་དོ་སྣང་མ་བྱས་པས་ལན་པ་དེ་ཡིན། 

གང་ལྟར་ཡང་གནས་ཚུལ་ལ་རྒྱུས་ལོན་མེད་པ་ནི་གཞི་རྐང་མེད་པའི་འཐབ་ཇུས་ཡིན་པས་ནམ་ཞིག་དོན་ལ་འབྱོར་བའི་ལག་རྗེས་ཞིག་ཡོད་པར་མི་སེམས།  དེ་བས་ན་ང་རང་ཡང་ནི་གནས་ཚུལ་གང་ལ་ཡང་རྒྱུས་ལོན་གང་ཡང་མི་བྱེད་པའི་མི་ཧྲེང་དག་གི་གྲས་སུ་ཡོད་པ་ཤེས་རྟོགས་བྱུང་རྗེས་གཞི་ནས་དྲ་རྒྱའི་གནས་ཚུལ་དང་ཚགས་པར་སོགས་ད་ནིང་ཅུང་ཙམ་ཀློག་པ་ཡིན།  དེ་དག་ཚང་མའི་ནང་ནས་གལ་ཆེ་ཤོས་དེ་ནི་བདུན་ཕྲག་གཅིག་ནང་གི་གནས་ཚུལ་རྣམས་ཕྱོགས་བསྡོམས་བྱས་པའི་ཆེད་དུ་དཔྱད་པ་བརྗོད་པ་དང་།  དེ་དག་གི་རིང་གི་ལེགས་སྤེལ་ཉེས་འགོག་གི་དཔྱད་རྩོམ་སྤེལ་བ་ཁག་ལ་བལྟས་པ་ཡིན། 

 

ལྷག་པར་དུ་གལ་ཆེའི་གཏམ་བཤད་སྤེལ་བ་དག་ལ་དེ་བས་ཀྱང་དོ་སྣང་ཅུང་ཙམ་བྱས་པ་ཡིན།  ཡིན་ན་ཡང་དེ་ཙམ་རྒྱ་ཆེ་བའི་སྲིད་དོན་གྱི་རྙོགས་འཛིང་དངོས་མ་དེ་སྤྱིར་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་ཞིག་ལ་མཚོན་ན་མཐོང་ཐུབ་པར་ཤིན་དུ་དཀའ།  གང་ལྟར་ཡིན་པར་ཁེལ་བ་དང་།  མིན་པར་ནོར་ཡང་རུང་རང་གི་ཅུང་ཞིག་རྟོགས་པ་དེ་འདི་ན་འབྲི་འདུན་ཆེན་པོ་བྱུང་། 

 

དེས་ན་བདུན་ཕྲག་གོང་འོག་འདི་གཉིས་ཀྱི་ནང་གི་གནས་ཚུལ་གལ་ཆེ་ཤོས་དག་དང་།  ཚང་མས་དོ་སྣང་སྤྲོད་ས་དེ་ནི་བོད་ནང་གི་རང་ལུས་མེར་བསྲེགས་དང་།  དམིགས་བསལ་ཚོགས་ཆེན་ཐེངས་མ་གཉིས་པ།   གོང་ས་མཆོག་ཐུགས་ཕམས་བྱུང་བའི་སྐོར་བའི་སྐོར་དེ་དག་ཡིན།  འདི་དག་ནི་དེ་རིང་གི་དངོས་བྱུང་གནས་ཚུལ་ཡིན་པས་སང་ཉིན་ནས་བཟུང་ལོ་རྒྱུས་ལ་འགྱུར་ཚར་བས།  དེ་ནས་བཟུང་དེ་དག་ལ་ཡང་བསྐྱར་ཕྲི་སྣོན་གང་ཡང་བྱེད་མི་ཐུབ་པ་དེ་ཡིན། 

 

ཡིན་ན་ཡང་མི་ཧམ་སེམས་ཅན་འགའ་ཞིག་གིས་དངོས་བྱུང་གི་ལོ་རྒྱུས་ལ་ཡང་བསྒྱུར་བཅོས་གཏོང་འདོད་ཀྱི་བསམ་པ་ཡོད་མཁན་དེ་འདྲ་ཡོད་པས་གཟབ་དགོས་པར་སེམས།  དེ་ནི་ཆེས་ཤིན་དུ་འཇིགས་སུ་རུང་བའི་ཐལ་དྲག་པའི་བྱ་སྤྱོད་ཡིན་པས།  དེས་མཐུན་སྒྲིལ་ལ་གཏོར་བཤིགས་དང་།  བསམ་བློའི་ཚད་གཞི་དེ་མ་ལོངས་མཁན་དག་གཡང་དུ་འཕེན་པ་དང་།  དེ་རིང་གི་བསམ་བློ་ཡི་གོ་རྟོགས་ཀྱིས་སང་ཉིན་གྱི་འདུ་ཤེས་ལ་རང་ཁ་རང་གསོ་བྱེད་མི་ཐུབ་མཁན་དག་ལམ་ནོར་དུ་ཁྲིད་རྒྱུ་ཉག་གཅིག་ལས་མ་འདས་པས་འདི་དག་གི་དོན་ལ་གཟབ་མི་དགོས་པར་བཤད་སུས་ཀྱང་མི་ཕོད་པར་སེམས།    འདི་དག་གི་སྔོན་འགྲོའི་གཏམ་དུ་བཤད་པ་ཙམ་ཡིན།

 

གཉིས་པ་ནི།  གང་ཟག་དང་ལས་དོན་གང་ཞིག་ཡིན་ན་ཡང་འཁོར་བསྐྱོད་བྱེད་བཞིན་ཡོད་ལ།  འཁོར་བསྐྱོད་དེ་ནི་ལམ་ཞིག་བརྒྱུད་ནས་འགྲོ་དགོས་པ་ཞིག་ལས།   ལམ་བུ་མེད་པར་གར་ཡང་མི་ཕྱིན་པར་སུས་ཀྱང་མིག་མཐོང་ལག་ཟིན་དུ་བྱུང་ཡོད།  དེས་ན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཡང་ལམ་བུ་ཞིག་ལ་བསྐྱོད་ནས་འགྲོ་དགོས་ན།   ལམ་གང་ཞིག་བརྒྱུད་ནས་འགྲོ་མིན་དེ་ཐག་ཆོད་པོ་ཞིག་གི་ཐོག་ནས་འགྲོ་དགོས་པ་དེ་སུས་ཀྱང་གལ་ཆེ་བར་བརྗོད།   ལས་གང་ཞིག་ཡིན་ཡང་གཞི་རྩའི་བསམ་བློ་ཡོད་པར་བྱེད་ནས་འགྲུལ་བཞུད་བྱེད་དགོས་པ་དེ་གལ་ཆེན་ཡིན་པར་བཤད་བཞིན་ཡོད།  

 

ཡང་ང་ཚོ་ཁ་ཤས་ཀྱིས་དེ་གལ་ཆེ་བ་ཡིན་ཁུལ་བྱས་དེ་ཧ་ཅུང་ཐལ་ཆེ་བའི་བྱ་སྤྱོད་རྒྱ་ནག་ལ་བོད་དོན་གྱི་རང་དབང་རྩོད་པའི་ཚབ་ལ་དབུས་ལམ་དང་གཡས་ལམ་དང་གཡོན་ལམ་གང་དུ་འགྲོ་དགོས་མིན་དེ་ནང་ཁུལ་དུ་ཤུགས་ཆེན་པོ་བརྩད་ནས་བསྡད་ཡོད།  དེ་ཡི་ཐོག་ནས་ཚོགས་པ་དང་མི་སྒེར་མང་པོ་ཞིག་གིས་བརྒྱུད་ལམ་ཁག་བདེ་སྤྱོད་བྱས་ཤིང་།  གསར་འགོད་པ་ཚོ་ཡང་དེ་དག་གི་གཡོག་པོ་བྱས་ནས་མཆིལ་མའི་འཐབ་རྩོད་དེ་མུ་མཐུད་དུ་རྒྱུན་མཐུད་ནས་ཚོགས་པ་དང་མི་སྒེར་དག་གི་སྙིང་ནང་ལ་ན་ཚ་བཞིན་དུ་གནས་ཡོད།  ན་ཚ་དེ་དུས་ནམ་ཞིག་ན་མངོན་གྱུར་ཡོང་ནས་ངེད་ཅག་གི་རང་ཉིད་ཀྱིས་རང་ཉིད་འཆི་རུ་འཇུག་རྒྱུ་ཡིན་པ་སུས་ཤེས། ང་ཡང་དེ་ཤེས་མཁན་གྱི་གྲས་ནས་མིན།

 

དེས་ན་རང་བཙན་དང་དབུ་མའི་ལམ་གཉིས་ལས།  བཀའ་ཤག་གི་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་ནི་བོད་རྒྱ་གཉིས་ཕན་གྱི་ལམ་ཞིག་ཡིན་པའི་དབང་དུ་བཏང་ནས་གཞུང་དམངས་གཉིས་ཆར་ཤར་བསྐྱོད་བྱེད་པའི་འཆར་གཞི་བཏང་ཡོད་པར་མ་ཟད།  དེ་ཡི་གྲུབ་དོན་སྙིང་པོ་བོད་རྒྱ་འབྲེལ་མོལ་གྱི་ལས་གཞི་ད་ལྟ་ཡང་བཙན་བྱོལ་སྒྲིག་འཛུག་གི་ངོས་ནས་སྒོ་ཕྱེ་ནས་ཡོད་པར་སྲིད་སྐྱོང་མཆོག་གིས་གསུང་པ་ལྟར་ན།  བོད་མིའི་སྒྲིག་འཛུགས་དེ་དབུ་མའི་ལམ་ཡིན་པ་གཞིར་བཞག་གིས་རྒྱ་བོད་འབྲེལ་མོལ་ཐོག་ལ་ཁར་རྩང་ཞུས་པ་བཞིན་ང་ཚོས་ངོས་ནས་འབད་བརྩོན་ཞུས་དང་ཞུ་མུས་ཡིན།  དམིགས་བསལ་སྐུ་ཚབ་བསྐོ་བཞག་ཐད་ལ་ཡིན་ན་ཡང་བསམ་མནོ་གཏོང་དང་གཏོང་བཞིན་པ་ཡིན།  ཞེས་སྲིད་སྐྱོང་བ་ཆེན་པོ་མཆོག་གིས་བཀའ་སློབ་ཏུ་ཧ་ཅུང་གསལ།  

 

ཡིན་ན་ཡང་དེ་རིང་དང་ཁར་རྩང་གི་ལམ་དབུས་མ་ལ་ཤར་བསྐྱོད་བྱེད་པའི་དམིགས་ཡུལ་གཙོ་བོ་དེ་ནི་སྐུ་ཚབ་ཚོགས་པ་བོད་རྒྱའི་འབྲེལ་མོལ་ལ་འགྲོ་ཐུབ་མིན་དང་།  དེས་དགེ་མཚན་ཞིག་ཡོད་པར་གཟིགས་ནས་ཤར་བསྐྱོད་བྱེད་པ་ཞིག་ཀྱང་མིན་པར་ཤིན་དུ་གསལ།   རྒྱུ་མཚན་ནི།    དམིགས་གསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད་ནང་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་རྒྱུ་མང་མོས་དང་།  ད་ཡོད་སྐུ་ཚབ་ཚོགས་པ་གཏོང་རྒྱུ་མཚམས་འཇོག    ཅེས་འཁོད་ཡོད་པ་ལ་བལྟས་ན་ཡང་ཤེས།   དེ་ཡི་སྐབས་སུ་ང་ཚོ་ལ་རྒྱ་ནག་གིས་ཡ་ལན་མ་སྤྲད་པར་འུ་ཐུག་ནས་མཚམས་འཇོག་བྱས་པ་ཞིག་ལ་ངོས་འཛིན་མཁན་མང་པོ་ཡོད།  དེ་ཡིན་པར་ཐག་ཀྱང་ཡིན་པར་ཐག་བཅད་ནས་ཀྱང་བཤད་ཡོད།  ཡིན་ཡང་ད་ལོ་དེ་ཡི་སྐོར་ལ་གྲོས་ཆོད་གང་ཡང་མེད་བཞིན་དུ་བཀའ་ཤག་ཁག་གི་ངོས་ནས་དམིགས་བསལ་སྐུ་ཚབ་བསྐོ་བཞག་ཐད་ལ་འབད་བརྩོན་ཞུ་བ་དང་།  དམིགས་བསལ་སྐུ་ཚབ་བསྐོ་བཞག་ཐད་ལ་བསམ་མནོ་གསར་པ་རེ་གཏོང་བཞིན་ཡོད་ཟེར་འདི་ནི་བསམ་པའི་འཁྱེར་སོ་གང་འདྲ་ཞིག་བརྟེན་ཡོད་ན་བསམ་ནས་མང་ཚོགས་ཀྱི་ངོས་ནས་ཀྱང་ཤེས་འདོད་ཧ་ཅུང་ཡོད་ལས་ཆེ།  

 

རང་གིས་བསམ་པར་དེ་རྒྱུ་མཚན་དེ་དག་རྒྱབ་ལྗོངས་སུ་བྱས་ན།   སྔོན་མའི་དབུ་མའི་ལམ་གྱི་གྲུབ་ཆ་དང་།  ད་ལྟའི་བཀའ་ཤག་གི་དབུ་མའི་ལམ་གྱི་གྲུབ་ཆ་དང་།  དམིགས་ཡུལ་ཉིས་ལ་ཁྱད་པར་ཡོད་པ་ལྟ་བུ་ཞིག་ཏུ་མངོན།  ད་དུང་དྲི་རྟགས་ཁ་ཤས་ནས་བརྒྱབ་སྲིད་པའི་ཡུལ་དེ་ནི་དམིགས་གསལ་སྐུ་ཚབ་དང་རྒྱ་ནག་མཉམ་དུ་འབྲེལ་བྱེད་ཐུབ་མིན་ལ་མ་ལྟོས་པར་ད་དུང་ཡང་དབུ་མའི་ལམ་ལ་རེ་ལྟོས་ཁོ་ན་འཆའ་ནས་སྡོད་དགོས་པའི་རྒྱུ་མཚན་གང་ཡིན་དང་།  རང་སྐྱོང་གི་བསམ་འཆར་ལ་རྒྱ་ནག་གི་ངོས་ནས་རང་བཙན་གྱི་ལངས་ཕྱོགས་ཀྱི་བསམ་འཆར་དང་གཅིག་པ་འཛིན་བཞིན་དུ་དབུ་མའི་ལམ་ལ་རེ་ཐག་འཆང་ནས་རང་བཙན་ལ་རེ་བ་མི་བྱེད་པར་ད་དུང་སྡོད་འདུག་པ་དེ་ལ་མང་ཚོགས་ཀྱི་ངོས་ནས་དོགས་འདྲི་རེ་སླེབ་མི་སྲིད་པ་ཨེ་ཡིན་སྙམ། 

 

སྔོན་མའི་དབུ་མའི་ལམ་གསར་དུ་སྲིད་བྱུས་བཏོན་པ་དེ་ཡི་མངོན་འདོད་དང་རྒྱབ་ལྗོངས་ནི།  ཏིང་ཤའོ་ཕིན་གྱིས་བཏོན་པའི་ལམ་བུ་རང་བཙན་མ་གླེང་ན་གཞན་གང་ཡིན་ཡང་ང་ཚོས་གྲོས་བསྡུར་བྱེད་ཆོག་པ་ཟེར་བ་དང་འདྲ་བའི་གོང་ས་མཆོག་གི་དགོངས་གཞི་ལ་བརྟེན་ནས་གཉིས་སྨན་གྱི་ལམ་ནས་དམིགས་བསལ་སྐུ་ཚབ་དང་མཉམ་དུ་གྲོས་མོལ་ཡོང་བ་དང་།  དེ་བརྒྱུད་ནས་རང་སྐྱོང་ཡོང་བར་རེ་ནས་ཡིན་པར་བདག་གིས་ཚོད་དཔག་བྱས་ཀྱང་། 

 

ད་ལྟ་དེ་ལྟར་བྱས་པ་མིན་ཞིང་།  རྒྱབ་ལྗོངས་གཞན་པ་ཞིག་ལ་བསྙེས་ནས་ཡོད་པའི་དབུ་མའི་ལམ་དེ་ནི་ས་ཚུགས་གང་འདྲ་ཞིག་ལ་སླེབ་ཡོད་མེད་ཧ་ཅུང་ཤེས་པར་འདོད།  དབུ་མའི་ལམ་གྱི་གྲུབ་འབྲས་ལ་འགྲེལ་བརྗོད་མཁན་འགའ་ཞིག་གིས་ནི།  བོད་དང་རྒྱ་གར་བར་བོད་མི་རྣམས་ཕར་ཚུར་གཉེན་འཕྲད་དུད་འགྲོ་བའི་སྒོ་ཕྱེ་ཐུབ་པ་དེ་ཡིན་ཞེས་བརྗོད་པ་ཙམ་ལས།  དངོས་དོན་འདི་ལྟ་བུ་ཞིག་གི་ཐོག་ནས་རྒྱུ་མཚན་ཞིབ་པར་འགྲེལ་བརྗོད་བྱེད་མཁན་ཞིག་ཞིག་ལ་ཉན་པར་དེ་བས་ཀྱང་ཧ་ཅུང་བྲོད་པ་ཆེ།   ཡིན་ན་ཡང་དེ་དག་ལ་མཐའ་གཅིག་ཏུ་དགག་པ་བརྒྱབ་ནས་དེ་ལས་གཞན་པའི་ལམ་ཁ་ཞིག་འདི་རེད་ཅེས་བསྟན་དུ་མེད་པ་རྒྱུ་མཚན་དུ་བྱས་ནས་དེ་རིང་ཡང་ང་ས་ཚུགས་འདིར་ལྷག་སོང་བ་རེད། 

 

བཀའ་དབུ་མའི་ལམ་ཁ་ལ་ཁྱེར་བ་པ་རྣམས་ཀྱིས་དེ་ཙམ་ཞིག་ལ་རྒྱབ་སྙེས་ནས་གླེན་ལྐུགས་ཀྱི་སྡུག་བསྔལ་གྱིས་མནར་ནས་སྡོད་མེད་པར་ཡིད་ཆེས་ཡོད།  ད་དུང་དེ་ཡི་ཐོག་ནས་ཆབ་སྲིད་ཀྱི་དོན་ཕྱི་གསལ་ནང་གསལ་དགོས་ཟེར་ནས་སྐད་བརྒྱབ་མཁན་མང་པོ་ཡོད་ཀྱང་།  དེ་ནི་དོན་དམ་པར་གློག་བརྙན་སོགས་བརྒྱུད་ནས་ཚང་མར་ཤེས་སུ་འཇུག་དགོས་ཞེས་པའི་དོན་ཁོ་ན་གཅིག་པུ་ལ་འགྲེལ་ན་དེ་ཅི་ནས་ཀྱང་ག་ལ་འགྲིགས།  ཕྱི་གསལ་ནང་གསལ་ཟེར་བ་དེ་ནི་སྲིད་དོན་པ་རང་གིས་ད་ལྟའི་སྲིད་ཀྱི་སྒྲོམ་གཞི་དེ་ཡི་ཕྱི་ནང་བར་གསུམ་ཚང་མ་གསལ་གསལ་ཐིང་ཐིང་ཞིག་ཧ་གོ་བ་ཞིག་ཡོང་བ་ཡིན་ན།  ད་གཟོད་དེ་ཡི་མིང་ལ་ཕྱི་གསལ་ནང་གསལ་ཟེར་བའི་དོན་གོ་ཆོད་པ་ཞིག་ཡོངས་ངེས་པ་ལས།   རང་གིས་མིག་སྔར་གྱི་སྲིད་དོན་གྱི་སྐད་ཆ་རེ་གྲོས་ཚོགས་ནང་བཤད་གླེང་བྱས་པ་དེ་གློག་བརྙན་བརྒྱུད་ནས་སོང་བ་དེ་ལ་ཕྱི་གསལ་ནང་གསལ་གྱི་དོན་གོ་མི་ཚང་། དེ་ནི་བོད་ཡིག་ཐན་ཐུན་རེ་བྲི་ཤེས་ཤིང་སྐབས་ལྟ་ཞིང་གླག་འཚོལ་རིང་ལུགས་པ་དག་ལ་སྐབས་ཐོབ་པའི་ཆ་རྐྱེན་ཙམ་ལས་གར་ཡང་མི་ཕྱིན།

 

རང་བཙན་ནི་མི་ཡུལ་འདིར་ཡི་བཞིན་གྱི་ནོར་བུ་ལས་ཀྱང་རྩ་ཆེར་བརྩི་བཞིན་ཡོད་ལ།  དེ་ཡི་དོན་དུ་འཛམ་གླིང་འདིར་མི་གྲངས་དུང་ཕྱུར་མང་པོ་ཤི་སྨས་ཐེབ་ཡོད།  འོན་ཀྱང་ཕྱེད་རང་དབང་གི་མི་རིགས་ས་གནས་རང་སྐྱོང་གི་དོན་ལ་མི་གྲངས་མང་པོ་སྐྱེན་ལམ་དུ་སོང་བ་དེ་ཙམ་ཉུང་ངུ་ཡིན་ཤས་ཆེ། དེ་ཡི་རྒྱུ་མཚན་ནི་ཁྱེད་ཅག་གིས་མཁྱེན་ཟིན་ལྟར།  མི་ཟེར་བ་དེ་ལ་སྲིད་ཀྱི་ཐོག་ནས་རང་བཙན་གྱིས་འགྲོ་བ་མི་ཡི་རིགས་ལ་ཐོབ་ཐང་ཆ་ཚང་བ་ཞིག་རག་གི་ཡོད་ན་དེ་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ངོ་མ་ཞིག་དང་།  འདུ་ཤེས་གཙོ་ཆེར་བྱེད་པའི་འགྲོ་བ་མི་ཡི་རིགས་ལ་ཆེས་གལ་ཆེ་དགོས་མཁོ་ཉག་གཅིག་དེ་ཡིན་པར་འདོད་ལ། 

 

དེ་ནས་རིག་གནས་ཀྱི་འཁོར་ཡུག་དེ་ཡང་བེད་དུ་སྤྱོད་ཐུབ་པའི་དགེ་མཚན་ལྡན་ཡོད།  དེ་བཞིན་དུ་ང་ཚོ་ཡང་མྱེས་པོ་དག་གི་སྔ་མོ་ལོ་སྟོང་ཕྲག་མང་པོ་གོང་ནས་དཀའ་ལས་དང་དངུལ་ཆུའི་ཐིག་པ་བསགས་ནས་བསྒྲུབ་པའི་བོད་ཆེན་པོ་རྒྱལ་ཁབ་དེ་འགྲོ་བ་མི་ཡི་རིགས་ཀྱི་དབང་ཚད་ཆ་ཚང་ཐོབ་ཅིང་བདེ་སྐྱིད་ལྡན་པའི་ལྷ་ཡུལ་གཉིས་པ་ཞིག་གྱུར་མྱོང་ཡོད། 

 

ཡིན་ན་ཡང་ཀྲང་གོ་གསར་པས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མི་འབུམ་ཕྲག་མང་པོ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ཡོད་ལ།  དེ་དག་ནི་བོད་ཀྱི་བདག་དབང་དང་རང་བཙན་སླར་གསོ་ཡི་ཆེད་དུ་བྱས་ནས་ཡོང་བ་ཞིག་ལས་གཞན་རང་སྐྱོང་སོགས་བསམ་བློ་ལ་མཚན་རྨི་ལམ་དུ་ཡང་འཁོར་མ་མྱོང་།  དེ་ཡི་སྐབས་ཀྱི་བོད་མི་ཚང་མ་མ་ཚང་བ་མེད་པར་རང་བཙན་གཙང་མའི་ལམ་ཁ་བསྙེགས་ནས་འགྲོ་བཞིན་ཡོད་ལ།  དེ་ཡི་སྐབས་སུ་བོད་ཀྱི་སྔོན་གྱི་ལོ་རྒྱུས་ཀྱི་གནས་བབ་དང་སྐྱབས་བཅོལ་དང་པོ་འབྱོར་སྐབས་ཀྱི་མངོན་འདོད་གཉིས་གཅིག་དུ་སྦྲེལ་ནས་ཡོད་རབས་བཤད། 

 

ཡིན་ན་ཡང་སྐད་གྲགས་ཆེ་བའི་ལོ་རྒྱུས་འཐབ་རྩོད་པ་དག་གིས་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་མ་བྱས་དེ་ཡིན་ཞིང་།  དེ་ནི་ད་ལྟའི་གསར་དུ་བཟོས་ཟིན་པའི་ས་ཁྲ་གསར་པ་དེ་ལ་ཕོག་ཐུག་བཏང་མི་ཕོད་པ་དེ་ཡིན་ལས་ཆེ།  དེ་ནི་མངོན་འདོད་དང་སྔོན་གྱི་ལོ་རྒྱུས་གཉིས་བབ་བསྟུན་བྱས་ནས་མ་བཤད་པ་དེ་ཡིན་ལ།  དཔེར་ན། ་རྒྱ་གར་གྱི་ནེ་རོ་མཆོག་གིས་བོད་དེ་རྒྱ་ཁོང་ཡིན་པ་ཞིག་ལས་ལོ་རྒྱུས་ལ་མ་བསྟུན་པ་དེ་ཡིན། 

 

དེ་བཞིན་དུ་རྒྱལ་ཁབ་གཞན་རྣམས་ལས་ཀྱང་དེ་བཞིན་དུ་གཅིག་མཚུངས་སུ་བཤད་མཁན་མང་པོ་བྱུང་།  དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་ཞིག་བཞུགས་ཡོད་ན་ཡང་།  ཁོང་གིས་ད་ལྟའི་གནས་བབ་ལ་ལྟོས་ནས་སྐད་ཆ་བཤད་དམ། འོ་ན་ལོ་རྒྱུས་ལ་གཞི་བཅོལ་དམ་ཞེ་ན།  དེ་ཁོང་གིས་གསུང་སྒྲོས་ཁ་ཤས་ལ་བལྟས་ནས་ད་ལྟའི་གནས་བབ་དེ་འདེམས་ལས་ཆེ་སྙམ་པ་ཞིག་བྱུང་།  དེབ་ཐེར་དཀར་པོའི་ནང་དུ།  རྒྱལ་ཁོངས་ཀྱི་ས་མཚམས་ཟེར་བ་དེ་ནི་དངོས་པོ་གནས་ཚུལ་ལ་རི་མོ་བྲིས་པ་ཞིག་མེད་པར་རྒྱལ་ཁབ་དེ་ཡི་དབང་ཤུགས་ཇི་ཙམ་ཁྱབ་མིན་ལ་ལྟ་དགོས་པ་རེད་ཟེར་བ་དེ་མཐོང་སྐབས།  ལོ་རྒྱུས་ཀྱི་འཐབ་རྩོད་དེ་མཇུག་སྒྲིལ་བ་མེད་པར་ལོ་རྒྱུས་ཀྱི་གོང་ན་ལོ་རྒྱུས་མང་པོ་ཡོད་པས་ད་ལྟའི་གནས་བབ་ལ་ལོ་རྒྱུས་ལ་བལྟས་ནས་སྲིད་དོན་ཐག་གཅོད་དགོས་པ་ལས་ལོ་རྒྱུས་ཀྱི་ཐག་གཅོད་མི་ཐུབ་པར་བཤད་པ་དེ་ཨེ་ཡིན་སྙམ། 

 

དེས་ན་ང་ཚོས་ལོ་རྒྱུས་ཀྱི་འཐབ་རྩོད་བྱས་ནས་ཡོང་རྒྱུ་མེད་པར་གཙོ་བོ་སྟོབས་ཤུགས་ལ་བསྟེན་ནས་རང་བཙན་རྩོད་དགོས་པ་དེ་ཡིན་པར་སེམས་མཁན་གྱི་མི་ག་ཙམ་ཡོད་དམ།      དེ་ཙམ་དུ་མ་ཟད་ང་ཚོ་ང་ལོ་རྒྱུས་བཤད་ཤེས་མཁན་ཡང་ཉུང་ཉུང་ཡིན་ན།   ལོ་རྒྱུས་ཀྱི་འཐབ་རྩོད་བྱེད་ཐུབ་མཁན་དེ་ལས་ཉུང་བ་ཨེ་ཡིན།  དེས་ན་དབུ་མ་དང་རང་བཙན་གཉིས་ཀྱི་ལྟ་གྲུབ་གཙོ་བོ་མ་ཡིན་པར་ལས་འགུལ་གཙོ་བོ་བྱས་དེ་སྟོབས་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་ཆེ་མཐོང་དང་ལྡན་པ་འཚེ་མེད་ཞི་བ་ཡིན་པ་ཡུལ་མི་ཡི་ཁྲིམས་དང་མ་འགལ་བ་གསུམ་གཙོར་བཟུང་གི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན།  དེ་ནི་རང་བཙན་བརྩད་པ་ཡང་རེད་ལ།  རང་དབང་བརྩད་པ་ཡང་རེད་འདུག་པས་ལས་འགུལ་གཙོར་བཟུང་གི་སྲིད་ཇུས་མེད་པར་ནང་ཁུལ་ནས་ལྟ་བ་ག་ཙམ་བརྩད་ཀྱང་དེ་མཐུན་སྒྲིལ་ལ་ནམ་ཡང་གནོད་པས་།    ད་ནས་བཟུང་སྟེ་ལས་འགུལ་ལ་དངོས་སུ་ཞུགས་ནས་རྒྱ་གུང་ཁྲན་དང་མཉམ་དུ་ང་ཚོས་ཚོར་བ་མཉམ་དུ་རྩོད་དགོས་ལ་ཤ་འཁོན་རྩོད་དགོས།  དེ་ལས་ལྡོག་ནས་ང་ཚོས་ནང་ཁུལ་ལ་འདུ་ཤེས་བརྩད་ནས་བསྡད་ན་ཕན་མ་ཐོག་ཡིན་ནམ་མིན།