( གཅིག གཅིག གཅིག )

མཚོ་མོ་བྲི་ནས་རི་ལུང་དོད་པས་ཁ་བ་དཀར་པོའི་མཛེས་ལྗོངས་གཅིག།

གངས་ཆབ་ཟེགས་མའི་འགྱུར་ཁུག་ངོམ་ཞིང་གཙང་ཆེན་སྔོན་མོའི་འབྱུང་ཁུངས་གཅིག།

དྲི་བཞོན་ལྷ་མོའི་རྒྱུ་ཕྱོགས་མང་ལ་མཁའ་རླུང་གཙང་མའི་མཐོ་སྒང་གཅིག།

མཚར་སྡུག་འབུམ་གྱིས་ཉམས་རྩལ་རྫོགས་པ་ཀེ་ལ་ཤ་རིའི་ཡུལ་ལྗོངས་གཅིག།

ནམ་མཁའི་ལྷ་ཚོགས་བྲན་དུ་བཀོལ་བའི་ལྷ་མ་ཡིན་གྱི་མི་རྒོད་གཅིག།

ས་གཞི་སུམ་ཆ་དབང་དུ་བྱས་པའི་ལྷ་དབང་རྒྱ་བྱིན་སོ་མ་གཅིག།

 བྱམས་བརྩེའི་མེ་ཏོག་འབང་ལ་བཞད་པའི་ཟས་གཙང་སྲས་པོ་འཕར་མ་གཅིག།

འཐབ་ན་གཤིན་རྗེའི་གྲོང་ཁྱེར་བརླགས་པའི་སྟོབས་ལྡན་བོད་ཀྱི་བཙན་པོ་གཅིག།

 

སོག་པོ་ཚང་གིས་ཆོལ་ཁ་བགོས་ཀྱང་ས་ཡ་དྲུག་ནི་མི་རིགས་གཅིག།

གུང་ཁྲན་ཏང་གིས་ས་རིས་ཕྱེ་ཡང་ཤ་དང་རུས་པའི་འབབ་རྒྱུན་གཅིག།

ལས་དབང་ཞིག་གིས་གཞིས་བྱེད་གྱེས་ཀྱང་ཕུགས་བསམ་ཚོར་བ་དམར་པོ་གཅིག།

སྐྱིད་སྡུག་མཉམ་དུ་མྱོང་བའི་ཆོད་སེམས་རྡོ་རྗེའི་བྲག་ལ་བརྐོས་ཚུལ་གཅིག།

 

སྤྲ་དང་སྤྲེའུའི་རིགས་རུས་མང་ཡང་བྱང་ཆུབ་སེམས་དཔའི་གདོང་རྒྱུད་གཅིག།

འདྲེ་དང་ལྷ་ཡི་ཆོ་འཕྲང་མང་ཡང་བྲག་གི་སྲིན་མོའི་ཚ་རྒྱུད་གཅིག།

དཔའ་དང་དཔུང་པའི་རྟིང་མ་མང་ཡང་གདོང་དམར་རྒོད་པོའི་སྤུན་ཚན་གཅིག།

འཐབ་ན་དགྲ་བོ་ཁ་དག་བཏང་བའི་ཆིག་སྒྲིལ་མི་རིགས་ངར་མ་གཅིག།

 

བྱས་ཤེས་དྲིན་ལ་བསམ་ཤེས་ཐུབ་པ་མགོ་མཇུག་ཚང་བའི་དངོས་པོ་གཅིག།

བཞུ་གཞོག་མཁན་ལ་གདོང་ལེན་ནུས་པ་སྙིང་རྩ་སྦོམ་པའི་མི་ཕྲུག་གཅིག།

ཡིན་ལུགས་ཤིག་ལ་རེ་བ་ཟབ་པ་གཏི་ཐུག་ཚ་བའི་བྱིས་པ་གཅིག།

ཤེས་རབ་མིག་གིས་ཕྱི་ནང་མཐོང་བ་གངས་རིའི་སུལ་གྱི་གཞོན་ནུ་གཅིག།

 

བཤད་ན་སེམས་ཆུང་མཆི་མ་ལུག་པའི་ལུང་དང་རིགས་པའི་ཟིན་མཚམས་གཅིག།

བསམ་ན་དུག་གསུམ་རྩད་ནས་གཅོད་པའི་ཡེ་ཤེས་འོད་ཀྱི་གོང་བུ་གཅིག།

མྱོང་ན་ཞི་བསིལ་བདེ་ཆེན་ཐོབ་པའི་གནས་ལུགས་དོན་གྱི་གཤིས་ཀ་གཅིག།

གཏན་གྱི་བདེ་བ་འཚོལ་བའི་ལམ་ཆེན་གོ་འུ་ཏ་མའི་རིང་ལུགས་གཅིག།

 

རྒན་པོ་གོང་དུ་ཞྭ་ལྟར་བཀུར་བའི་ཡ་རབ་གཞོན་ནུ་ཁྱུ་ཕྲན་གཅིག།

བྱིས་པ་སྣབ་ལུད་ཁ་ཡིས་འཇིབ་པའི་བརྩེ་སེམས་དྲོན་མོའི་མ་རྒན་གཅིག།

དམ་ཚིག་འོ་ཆུ་ལྷན་དུ་འདྲེས་པའི་མངོན་ལྐོག་བྲལ་བའི་བཟའ་ཚང་གཅིག།

ཕུན་ཚོགས་དགའ་མ་མགྲོན་གྱིས་བསུས་པའི་ཁ་བ་བོད་པའི་ལམ་སྲོལ་གཅིག།

 

དགྲ་བོས་བཙན་གྱིས་བསྡིགས་ནས་བརྙས་ཀྱང་ཞུམས་མེད་གདོང་ལེན་རྣོན་པོ་གཅིག།

འཆམ་མཐུན་ལྷིང་འཇགས་དལ་གྱིས་གཡོས་ཀྱང་ལར་རྒྱའི་བ་དན་དཀར་པོ་གཅིག།

མི་རབས་ཤིག་གི་མཐོ་རླབས་འཕྱུར་ཡང་ཐེར་ཟུག་གཉུག་མའི་རང་གཤིས་གཅིག།

ཞི་དྲག་འཐབ་མོའི་གཡུལ་ཁ་བཀྱེ་བ་མི་བསྐྱུད་མི་རབས་སར་པ་གཅིག།

 

རང་བཙན་དབུ་མ་ཇི་ལྟར་བརྩད་ཀྱང་སེམས་ཀྱི་མདའ་མོའི་འབེན་ཆུང་གཅིག།

གཞོན་ནུ་བུ་མེད་གང་ཞིག་བཏགས་ཀྱང་རེ་བའི་འདུན་མ་གཞོལ་ས་གཅིག།

རྒན་གཞོན་སུ་ཞིག་དབྱིངས་སུ་གཤེགས་ཀྱང་ཞལ་ཆེམས་ཐུགས་ཀྱི་རེ་སྨོན་གཅིག།

གདོང་དམར་ཕོ་རྒོད་དར་མའི་དཔུང་ཚོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གཅིག།

 

ལུས་ཀྱི་ཟུངས་ཁྲག་གསོ་བའི་སྨན་མཆོག་སྦྲང་དཀར་རྩམ་པའི་ཁ་ཟས་གཅིག།

སེམས་ཀྱི་གདུང་བ་མ་ལུས་སེལ་བའི་འདི་དང་ཕྱི་མའི་སྐྱབས་གནས་གཅིག།

སྐྱེ་འཇིག་གནས་གསུམ་གང་ཞིག་ཡིན་ཡང་ལམ་དང་ལུགས་སྲོལ་དབྱེར་མེད་གཅིག།

ཨེ་མ་མཐོ་སྒང་བོད་པ་ཚང་ནི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག།

༢༠༡༢།༩།༢༩།