ཟིན་བྲིས་པ་ཞིག་གི་མཐོང་ཐོས།།
ཆེས་ཐོག་མར་ངས་བང་ཆེན་དྲ་ཁང་ལ་མྱུལ་སྐབས་ནས་དམིགས་ཡུལ་དུ་མ་ཞིག་བཅང་སྟེ་འཛུལ་པ་ཡིན། དེ་ནི་ང་རང་ཉིད་སློབ་སྦྱོང་གི་ཤེས་ཚད་དམན་པས་དྲ་གྲོགས་གཞན་ཚོའི་བློ་རིག་ལས་རང་ཉིད་ལ་བློ་སྐྱེད་གསར་པ་དང་ཤེས་བྱ་གསར་པ་མང་པོ་ཞིག་ཐོབ་ཕྱིར་དུ་ཡིན་ལ་ད་བར་ས་གཅད་མ་སྟོང་ཙམ་གྱི་བློ་སྐྱེད་ཁ་ཤས་ཤིག་ཐོབ་བྱུང་ན་ཡང་ཐོག་མའི་རེ་བ་ལྟར་གྱི་ཤེས་གསར་ནི་མ་ཐོབ།
དེ་ལ་ཡང་ཕྱོགས་གཉིས་ཀྱི་ཞན་ཆ་ཡོད་པས་དང་པོ་ང་རང་ཉིད་ཀྱི་ཞན་ཆ་བགྲང་ན། གཅིག ང་རང་ཉིད་ལ་རང་དབང་གི་དྲ་རྒྱ་མེད་སྟབས་དྲ་ཐོག་ཏུ་བསྐྱོད་རྒྱུ་ཉུང་དྲགས་པ། གཉིས་པ། ལས་ཞོར་ཙམ་གྱི་དུས་ཚོད་ལས་མེད་སྟབས་རང་ཉིད་ཤེས་ཚད་དང་མཉམ་པའི་རྩོམ་རིག་ཟིན་བྲིས་དུ་འཇུག་མ་ཐུབ་པ། གསུམ་པ། ང་རང་མི་ཆེས་འགྱིད་ལུགས་ཅན་ཞིག་ཡིན་སྟབས་སྤྲོ་སྣང་མེད་ཚེ་དྲ་ཐོག་ཏུ་མ་ཕྱིན་པ་བཅས་རེད་ལ་དེ་ལྟའི་རྒྱུ་རྐྱེན་དྲ་གྲོགས་དུ་མ་ཞིག་དང་གཅིག་མཚུངས་ཡིན་སྟབས་མང་པོ་བརྗོད་མི་དགོས། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དྲ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་ཡོན་ཚད་མཐོ་དྲགས་པའམ་ཡང་ན་ལྟ་སྟངས་གཞན་གང་ཞིག་གིས་ལེན་པ་ཡིན་ནམ། ཟིན་བྲིས་སྤེལ་ཚད་ལ་མཆན་འགོད་མི་བྱེད་པར་ཧང་སང་སང་དང་འུར་འུར་ཆིལ་ཆིལ་གྱི་རྩོམ་རིག་ཁོ་ན་ལ་འཁྱུད་དེ་བསྡད་པ་ནི་ཐུན་མོང་ཡར་རྒྱས་འགྲོ་བའི་འགོག་རྐྱེན་རེད་ལ། ང་རང་ཉིད་ལ་ཡང་ལྟ་ཚུལ་དེ་ནི་མཐའ་གཅིག་ཏུ་ནོར་བ་ཡིན་པའི་ངེས་ཤེས་བྱུང་། ལྷག་པར་དུ་བུད་མེད་ཟིན་བྲིས་པ་ཉུང་ལ་ཟིན་བྲིས་སྤེལ་བ་ཡང་ཉུང་བས་ང་ལ་བུད་མེད་ཀྱི་སེམས་ཁམས་དང་འཇོན་ནུས་བཅས་ཀྱི་སྐོར་ལ་ད་དུང་ཡང་ཤེས་བྱ་གསར་པ་གང་ཡང་ཐོབ་མ་བྱུང་། སྤྱིར་བང་ཆེན་ཟིན་བྲིས་ནང་བུད་མེད་ཟིན་བྲིས་པ་རྦད་དེ་མེད་པ་མ་ཡིན་ཡང་ཡོད་པ་ཚོས་རང་ཉིད་ཀྱི་བསམ་ཚུལ་དང་སྤྱི་ཚོགས་ཀྱི་དགོས་མཁོ་བཅས་ཀྱི་སྐོར་ལ་བྲིས་པ་ཡང་མཐོང་རྒྱུ་དབེན་པས་བསམ་པ་བཞིན་དུ་རེ་བ་བསྒྲུབ་མ་སོང་ཞེས་བཤད་འདོད་བྱུང་། སླད་ཕྱིན་བུད་མེད་སྤྱི་དང་ལྷག་པར་བང་ཆེན་ཟིན་བྲིས་ནང་གི་བུད་མེད་ཟིན་བྲིས་པ་ཨ་ཅག་གངས་ལྷ་མོ་ལྟ་བུ་དེ་ཚོས་དངོས་ཡོད་འཚོ་བའི་ཁྲོད་བུད་མེད་ཀྱི་ནུས་པ་དགོས་མཁོ་ཆེ་མིན་སྐོར་ལ་བགྲོ་གླེང་བྱས་ནས་ཚོར་བ་དང་བསམ་ཚུལ་གྱི་རྗེས་སུ་མ་བྲང་བར་རང་ཉིད་ཀྱི་མཐོང་ཚུལ་དངོས་རྣམས་བརྗོད་པ་ཡིན་ན་བོད་ཀྱི་སྤྱི་ཚོགས་ཡོངས་ལ་ཕན་པ་ཆེན་པོར་མཐོང་། དེ་ནི་རང་ཉིད་བང་ཆེན་ཟིན་བྲིས་པའི་གྲལ་དུ་ཞུགས་ནས་ཟླ་བ་ཁ་ཤས་ཕྱིན་པ་དེའི་ནང་གི་མཐོང་ཐོས་ཡིན་ལགས་སོ།