༄༅།། རང་སེམས་སྤྲིན་པའི་གཡོགས་སོང་།

དུང་བ་རྒྱང་ལ་ཕྱོགས་སའི་མཚོ་མཐའ་ཞིག་ན།། 

སེམས་ཀྱི་གསང་བ་བྱེ་ཐང་ངོས་སུ་སྦར་ཏེ།། 

ཉི་འོད་གྲོང་ལ་ཅེར་ཏེ་རེ་སྒུག་གསོན་པོ།།

མཚོ་མོ་དྲག་ཏུ་སྐྱོམ་སའི་མཐའ་ན་སྒུག་ཡོད།། 

 

 

རེ་བ་གྲངས་མེད་ཞིག་གི་གཏིང་རིམ་ཁྲོད་ན།།

ལོ་ཟླའི་ངོ་གདོང་རྡུལ་དང་ཚ་བས་གདུང་བཞིན།།

སྙིང་གི་འཕར་སྒྲ་ལྡང་སའི་ཁང་ཆུང་ནང་ན།།

དྲན་པའི་གདོང་ལ་སྐྱོ་བའི་རྫིང་བུ་འཁྱིལ་སོང་།།

 

དྲན་གདུང་རྨ་ཁ་སྐྱོར་ཏེ་གཞན་ཡུལ་ཞིག་ན།།

རང་སེམས་སྤྲིན་པའི་གཡོགས་པའི་ལོ་སྣེ་རེ་ན།།

རྫོགས་མེད་སེམས་ཀྱི་རྨ་ཁ་སླར་ཡང་ཟག་ཏེ།།

ཟླ་བ་ཁེར་འགྲོའི་འོག་ནས་ཤུགས་རིང་འཐེན་ཤོར།།

 

ཁེར་རྐྱང་ཡུལ་དུ་གྱར་བའི་མྱོང་བྱང་འདྲ་གཟུགས།།

བཅོས་མེད་སེམས་ཀྱི་གསེབ་ནས་དྲག་ཏུ་ལྡང་སྐབས།།

རྩིས་འཕྲུལ་འཆར་གདོང་ངོས་སུ་ཁ་ཐུག་བྲིས་ཏེ།།

ཕྱིར་དྲན་ལོ་ཟླ་ཞིག་གིས་བརྟེན་དུ་བཞག་ཡོད།། 

 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་བྲིས་སོ།།  ༢༠༡༢  ༡༠  ༡༤