གསར་འགྱུར་རང་དབང་གི་འོས་འགན།
གསར་འགྱུར་རང་དབང་དང་སྤྱི་ཚོགས་ཀྱི་འགན་འཕྲི་གཉིས་ཁ་བྲལ་ཐབས་མེད། དེ་གཉིས་དབར་གལ་ཆེ་རང་བཞིན་ཡིན་པའི་རྐྱེན་གྱིས་དེར་སྒྲིག་གཞི་བཟོས་ཏེ་གསར་འགྱུར་རང་དབང་ལ་འགན་སྲུང་བྱེད་པའི་སྒོ་ནས་གསར་ལམ་ཁག་གིས་སྤྱི་ཚོགས་ཀྱི་འོས་འགན་འཁྱེར་ཐབས་དགོས། སྤྱི་ཚོགས་ཀྱི་འོས་འགན་ལ་འགན་སྲུང་དགོས་ཚེ་གཤམ་གསལ་གྱི་དོན་ཚན་གཅིག་ལའང་སྣང་ཆུང་གཏོང་ཐབས་མེད།
གཅིག ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་ཚོས་ངེས་པར་དུ་གསར་འགྱུར་གྱི་གལ་ཆེ་རང་བཞིན་ལ་ངོས་འཛིན་གསལ་པོ་ཡོད་པའི་སྒོ་ནས། རང་དབང་ལ་བརྩི་འཇོག་དང་དེའི་སྐོར་གྱི་ཆབ་སྲིད་སྒྲིག་གཞི་བཟོས་ཏེ་གསར་འགྱུར་རང་དབང་མུ་མཐུད་འཚོ་ཐབས་བྱེད་དགོས། གང་ཡིན་ཟེར་ན། དེའི་གོ་རིམ་ནང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་དབར་ལའང་འགལ་ཟླ་ཡོང་རྒྱུའི་གནས་སྟངས་ལ་འགོག་ཐབས་མེད་ཅིང། སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣས་དབང་ཆ་ཆེན་པོ་འཛིན་ཡོད་པའི་དབང་གིས་གལ་ཏེ་དེ་དག་གིས་གསར་འགྱུར་རང་དབང་ལ་བརྩི་འཇོག་མ་བྱེད་པ་དང། ཡང་ན་གསར་འགྱུར་ལ་འགག་སྒོ་བཟོས་པ་ཡིན་ན་གསར་ལམ་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྱེར་ཐབས་མེད།
གཉིས། རང་དབང་གི་ཁྲིམས་སྒྲིག ཁྲིམས་སྒྲིག་རང་དབང་འབྱུང་ན་གཞི་ནས་སྤྱི་མཚུངས་དང་འདྲ་མཉམ་གྱི་སྒོ་ནས་འགལ་ཟླ་ཐག་གཅོད་ཡོང་ཐུབ་པ་དང། གསར་འགྱུར་རང་དབང་ལ་འགན་སྲུང་ཡང་ཡོང་ཐུབ། གསར་འགྱུར་མི་སྣ་རྣམས་ཀུན་མཁྱེན་མིན་སྟབས་ཁོ་ཚོས་ཀྱང་ཁྲིམས་འགལ་དེ་འདྲ་བྱེད་སྲིད། འོན་ཀྱང་གསར་འགྱུར་པས་ཁྲིམས་འགལ་བྱེད་མིན་དེར་ཁྲིམས་ཁང་དུ་ཐག་གཅོད་བྱེད་དགོས་པ་ལས། གྲངས་ཉུང་དབང་འཛིན་པས་མཛུབ་མོ་ག་སྟོན་ཤར་ལྟར་མ་ཡིན་ནོ། རང་དབང་དང་དྲང་བདེན་གྱི་ཁྲིམས་ཡོད་པའི་ཐོག་གསར་འགྱུར་ལ་གཞི་ནས་འགན་སྲུང་ཡོང་ཐུབ་པ་ཞིག་རེད།
གསུམ། འཐུས་ཚང་གི་གསར་འགྱུར་གནས་སྟངས། གསར་འགྱུར་དབང་མཁན་དང་དེ་ལ་སྟངས་འཛིན་བྱེད་མཁན་ཡོངས་ལ་སྤྱི་ཚོགས་ལ་འོས་འགན་འཁྱེར་བའི་བསམ་བློ་ལྡན་དགོས། ངེས་པར་དུ་གསར་འགྱུར་རང་དབང་ནི་སྤྱི་ཚོགས་ཀྱི་འོས་འགན་ལ་ངོས་འཛེན་གསལ་པོ་ཡོད་པའི་སྒོ་ནས་ཡོང་དགོས། དེར་བརྟེན་ནས་སྤྱི་ཚོགས་ལ་གཏོར་བཅོམ་གཏོང་མི་རུང། གསར་ལམ་ཁག་ལ་ཆ་རྐྱེན་གྱི་འགན་སྲུང་དགོས་པ་དང། གྲུབ་འབྲས་ཐོན་དགོས་ལ་གནས་ཚུལ་ག་རེ་ཡིན་ཡང་སྤེལ་དགོས། གསར་འགོད་པར་འགན་སྲུང་དགོས་པ་མ་ཟད། དེ་དག་ལ་གསར་འགྱུར་རང་དབང་བེད་སྤྱོད་ཐུབ་པའི་ནུས་པ་དགོས། སྤྱི་ཚོགས་ཀྱི་ཕྱོགས་ནས་བལྟས་ན། གསར་འགྱུར་ཁག་གི་གནས་སྟངས་ནི་ཕྱོགས་མང་ཡིན་དགོས་པ་ལས། བརྒྱ་ཁ་གཅིག་གཅོད་ལྟ་བུ་མ་རེད། ཆབ་སྲིད་དབང་ཆའི་སྒེར་གཅོད་དང་དཔལ་འབྱོར་གྱི་དབང་ཤུགས་སྒེར་གཅོད་ཀྱི་གཡོ་འཁྱོར་གྱི་གནས་སྟངས་ཡོངས་རྫོགས་གསར་ལམ་ཁག་ལ་མཚོན་ན་ལུགས་མཐུན་གྱི་གནས་སྟངས་ཤིག་མ་རེད། དེ་བཞིན་སྤྱི་ཚོགས་ཀྱི་འགན་འཁུར་མཁན་ལའང་གནོད་ཀྱི་ཡོད། དེ་ནི་སྤྱི་ཚོགས་ལ་ལྟ་བའི་མིག་དང་རྣ་མཆོག་མང་ཙམ་ཡོད་ན་མཐར་གནད་དོན་ཕྱོགས་ཡོངས་ནས་སྔར་བས་གསལ་པོ་བཟོ་ཐུབ་རྒྱུ་ལས་གཞན་ཅིའང་མ་རེད།
བཞི། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་སྐྱོན་བརྗོད།
གསར་ལམ་ཁག་ལ་རང་དབང་དང་སྤྱི་ཚོགས་རྟོག་ཞིབ་དགོས་པའི་དབང་ཆ་ཡོད་དགོས། འོན་ཀྱང་གསར་ལམ་ཁག་ནས་ཀྱང་གཞན་གྱི་ལྟ་ཞིབ་དང་སྐྱོན་བརྗོད་ལ་ཉན་དགོས། གསར་ལམ་ཁག་ནི་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་པའི་ཆ་ནས། དེ་དང་སྤྱི་ཚོགས། སྡེ་ཚོགས། དཔེར་ན་སློབ་གྲྭ་དང་ཚོགས་པ་ཁག་སོགས་ཚང་མ་ཕན་ཚུན་འདྲ་མཉམ་གྱི་སྒོ་ནས་འབྲེལ་ལམ་བཟུང་དགོས། གསར་ལམ་ཁག་ལྟ་མཁན་རྣམས་ནི་དུས་མཚུངས་སུ་གསར་ལམ་ཁག་ལ་དོ་དམ་བྱེད་མཁན་ཡང་ཡིན་དགོས། གསར་ལམ་ལ་ལྟ་མཁན་མི་ཚོགས་གང་འདྲ་ཡོད་ན་དེ་ལྟ་བུའི་གསར་འགྱུར་ཡང་སྤེལ་ཐུབ་དགོས་པ་རེད། གསར་འགྱུར་ལ་རང་དབང་མེད་ན་སྤྱི་ཚོགས་ཀྱི་འོས་འགན་འཁྱེར་མི་ཐུབ། ཡིན་ནའང་གསར་ལམ་ཁག་གི་རང་དབང་འགན་སྲུང་ཡོད་པའི་སྒོ་ནས་སྤྱི་ཚོགས་ཀྱི་འོས་འགན་འཁྱེར་དགོས་ན་མི་མང་གི་སྟངས་འཛིན་དེའང་མེད་དུ་མི་རུང་བའི་ཕྱོགས་ཤིག་རེད།
༼འགྱུར་རྩོམ།༽