ཁྲིམས་འཆར་འདི་དག་ལ་ཅིའི་ཕྱིར་ངོ་རྒོལ་བྱས་ནས་བསྐྱར་བཅོས་མ་ཐུབ་པ་རེད་དམ
དེའང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་སུ་ཁྲིམས་ཞིབ་ཁང་གི་རེ་འདུན་ལྟར། སྲིད་སྐྱོང་པ་ཕུད་དེ་མིན་བཀའ་བློན་རྣམ་པས་ཁྲིམས་སྒྲིག་སྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༣༣ པ་དང་ ༣༦ པ་ ༣༧ པ་ ༣༨ པ་བཅས་ཁྲིམས་འཆར་ཁག་ ༤ ཙམ་གྲོས་ཚོགས་སུ་ཁྱེར་ཡོད་ཀྱང་འཐུས་མི་རེ་ཉིས་ཀྱིས་ངོ་རྒོལ་བྱས་ནས་བསྐྱར་བཅོས་མ་ཐུབ་པའི་གནས་ཚུལ་ཞིག་ལྷག་ཡོད།
༡༽ བཙན་བྱོལ་བོད་མའི་བཅའ་ཁྲིམས། ཁྲིམས་འཆར་འདོན་མཁན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། རྒྱབ་སྐྱོར་བ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས།
༢༽ འོས་བསྡུའི་སྒྲིག་གཞི། ཁྲིམས་འཆར་འདོན་མཁན་དཔལ་འབྱོར་བཀའ་བློན་དང་། རྒྱབ་སྐྱོར་གནང་མཁན་ཆོས་རིག་བཀའ་བློན།
༣༽ ལས་བྱེད་འདེམས་བསྐོ་ལྷན་ཁང་། ཁྲིམས་འཆར་འདོན་མཁན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་དང་། རྒྱབ་སྐྱོར་བ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག
༤༽ རྩིས་ཞིབ་ལས་ཁང་། ཁྲིམས་འཆར་འདོན་མཁན་འཕྲོད་བསྟེན་བཀའ་བློན་དང་། རྒྱབ་སྐྱོར་བ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་བཅས་རེད།
ཁྲིམས་འཆར་དེ་དག་གི་ནང་དུ་སྐྱར་བཅོས་གནང་རྒྱུ་གང་རེད་དམ་ཟེར་ན། དེའང་སྲིད་སྐྱོང་པ། བཀའ་བློན་རྣམ་པ། དེ་བཞིན་སྤྱི་འཐུས་ཁག་དང་། ས་འཐུས། རང་བདེན་ཚོགས་ཆུང་། རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་ཀྱི་འོས་ཆོས་ནང་(བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ཉམས་ལེན་མི་བྱེད་མཁན་མ་ཡིན་པ་)ཞེས་པ་འདི་རེད།
དཔེར་ན་ནང་སྲིད་བཀའ་བློན་གྱིས་ཁྲིམས་འཆར་བཏོན་པའི་ཡིག་ཆ་ཨང་ ༣༣ པ་སྤྱི་འཐུས་ཀྱི་འོས་ཆོས་ལ་མཚོན་ན།
ཚིག་བརྗོད་རྙིང་པ། (ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ་)ཞེས་བཀོད་ཡོད་པ་དེ། བསྐྱར་བཅོས་ཚིག་བརྗོད་གསར་པ། (བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཁང་གི་བཅད་ཕྲ་ཉམས་ལེན་མ་བྱས་པའམ། ཁྲིམས་ཁང་ནང་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།)ཞེས་པ་འདི་འདྲ་རེད།
འོན་ཀྱང་ཁྲིམས་འཆར་འདི་དག་བསྐྱར་བཅོས་ཐུབ་མེད། དེ་ནི་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིག་གིས་བཀའ་སྤྱིའི་ཁྲིམས་འཆར་འདི་ལ་མི་འདོད་པའི་ངོ་རྒོལ་གཏམ་བཤད་སྤེལ་བས་མ་ཚད། གལ་སྲིད་འདི་བསྐྱར་བཅོས་བྱས་ཚེ་ཟླ་བ་ཚེ་རིང་སོགས་ལ་གནོད་ཀྱིན་མེད་སྐོར་བཤད་པ་དང་། པདྨ་འབྱུང་གནས་དང་། རྒྱ་རིགས་ཐར་བཅས་ཀྱིས་དེའི་རྒྱབ་ལངས་ཀྱིས་ངོ་རྒོལ་ཡོད་པའི་ལག་པ་རྐྱང་པས་རེད།
རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༢༣ ཡོད་པ་ནི། དབུས་གཙང་སྤྱི་འཐུས། ༡་ཤར་གླིང་ཟླ་སྒྲོན། ༢་བུ་མོ་ཚེ་རིང་སོགས། ༣་ཀརྨ་ཡེ་ཤེས། མདོ་སྟོད་སྤྱི་འཐུས། ༤་གསེར་རྟ་ཚུལ་ཁྲིམས། ༥་འཇམ་དབྱངས་བཟོད་པ། ༦་གངས་ལྷ་མོ། ༧་དབྱངས་ཅན་སྒྲོལ་དཀར། ༨་སྐལ་བཟང་རྒྱལ་མཚན། ༩་དཀོན་མཆོག་ཆོས་སྒྲོན། ༡༠་བློ་བཟང་ཡེ་ཤེས། ༡༡་དབུ་དཀར་གཡུ་སྒྲོན། ༡༢་ཆོས་སྐྱོང་དབང་ཕྱུག ༡༣་ཚུལ་ཁྲིམས་བསྟན་འཛིན།
ཆོས་བརྒྱུད་སྤྱི་འཐུས་༡༤་སྨོན་ལམ་མཐར་ཕྱིན། ༡༥་ནོར་བུ་ཚེ་རིང་། ༡༦་ཚེ་རིང་པོ། ༡༧་ཀརྨ་ཆོས་འཕེལ། ༡༨་བསྟན་པ་ཡར་འཕེལ། ༡༩་རྣམ་དག་གཙུག་ཕུད། ༢༠་ཨ་ཀྲུག་ཚེ་བརྟན། ༢༡་རོང་པོ་བློ་བཟང་སྙན་གྲགས།
མདོ་སྨད་སྤྱི་འཐུས། ༢༢་སྒྲོལ་དཀར་སྐྱབས། ༢༣་རྨོག་རུ་བསྟན་པ།
སྐབས་འདིར་གྲོས་ཚོགས་ནང་སླེབས་མེད་པ། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་། མདོ་སྨད་སྒྲོལ་དཀར་ལྷ་མོ། དབུས་གཙང་སྐལ་བཟང་དགྲ་འདུལ། རྙིང་མ་རྒྱ་རི་བུ་ཕྲུག་བཅས་རེད།
དྲ་གྲོགས་རྣམ་པ། ཡང་སྙིང་ཁྲིམས་འཆར་འདི་དག་བསྐྱར་བཅོས་བྱས་ན་བོད་མི་རིགས་དང་བསྟན་སྲིད་ལ་ཕན་ས་འདུག་གམ་གནོད་ས་འདུག གལ་སྲིད་ཕན་ཐོགས་ས་འདུག་ན། ག་རེ་བྱས་ནས་མི་རེ་ཉིས་ཀྱིས་ངོ་རྒོལ་བྱས་ནས་བཀག་པ་རེད་དམ།