རྒྱ་གཞུང་གིས་བོད་མི་ཞིག་ལྐོག་གསོད།

བོད་མདོ་སྨད་གཅན་ཚ་རྫོང་ནས་ཡིན་པ་རང་ལོ་༥༧ ལ་སོན་པའི་བོད་མི་རྡོ་རྗེ་རབ་བརྟན་ཞེས་པ་ཞིག་གིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་གི་གསང་བ་ཕྱི་ལ་ཤོར་ཏེ། ལོ་འདིའི་ཕྱི་ཟླ་༨ ཚེས་༢༣ ཉིན་ཟི་ལིང་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ནས་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་ལྐོག་གསོད་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་བོད་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༨ པའི་ཚེས་༡༧ ཉིན་གཅན་ཚ་རྫོང་བདེ་ཆེན་མགྲོན་ཁང་ཞེས་པ་ནས་རྡོ་རྗེ་རབ་བརྟན་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་གཏོང་རྕིས་བྱེད་སྐབས་རྒྱ་གཞུང་གིས་ཉེན་རྟོག་པས་ཤེས་ཏེ། སྐབས་དེར་ཁོང་གིས་རང་སྲེག་ངོ་རྒོལ་བྱེད་ཐུབ་མེད་པ་དང་། དེ་ནས་བཟུང་ཉེན་རྟོག་པས་ཁོང་རྗེས་འདེད་བྱེད་འགོ་བརྩམས་ནས། ཕྱི་ཟླ་༨ ཚེས་༢༣ ཉིན་ཟི་ལིང་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་རྡོ་རྗེ་རབ་བརྟན་རྒྱ་གཞུང་གི་ཉེན་རྟོག་པས་ལྐོག་གསོད་བྱས་ཡོད་འདུག

དེའི་རྗེས་སུ་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ལས་ཁང་ཞིག་གིས་འདས་པོ་དེའི་ནང་མི་ཚོར་རུས་ཐལ་ཞིག་སྤྲད་དེ། རྡོ་རྗེ་རབ་བརྟན་གྱི་ཕུང་པོ་ཞུགས་འབུལ་བྱས་ཟིན་ཞེས་འགྲེལ་བཤད་བརྒྱབ་འདུག་པ་མ་ཟད། རྡོ་རྗེ་རབ་བརྟན་གྱི་ནང་མི་ཚོས་འདས་པོ་དེར་ཅི་བྱུང་མིན་གྱི་གནས་ཚུལ་རྩད་ཞིབ་དང་གཞུང་ལ་ཞུ་གཏུག་སོགས་གང་ཡང་བྱེད་ཐུབ་ཀྱིན་མེད་པ་མ་ཟད། ད་དུང་རྒྱ་ནག་གཞུང་ཉེན་རྟོག་པ་ཚོས་རྡོ་རྗེ་རབ་བརྟན་གྱི་ནང་མི་ལ་དམ་དྲག་ཆེན་པོ་བྱས་ནས་གནས་ཚུལ་ཕྱིར་བསྒྲགས་བྱེད་དུ་འཇུག་གི་མེད་པ་རེད་འདུག

རྡོ་རྗེ་རབ་བརྟན་ནི་ནམ་རྒྱུན་ཚོང་བརྒྱབ་ནས་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་དང་། ཁོང་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་པ་ལས། བུ་ཆེ་བའི་མིང་ལ་འབྲུག་རྒྱལ་བྱམས་དང་། ཆུང་བའི་མིང་ལ་ཤེས་རབ་ཟེར་གྱི་ཡོད་པ་དང་། བུ་མོ་དེའི་མིང་ལ་ཆོས་དབྱངས་སྒྲོལ་མ་ཟེར་གྱི་ཡོད་པ་རེད་འདུག