དྲུག་ཅུ་རེ་གཉིས་ཀྱི་དོན་རྐྱེན་བསྐྱར་དུ་བྱུང་མི་སྲིད་ཟེར།
རྒྱ་གར་བྱང་ཤར་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་དེ་ཙམ་གྱི་འདོད་བློ་ཚིམས་པ་ཞིག་མེད་མོད། འདས་པའི་ལོ་ཟླ་དང་བསྡུར་ཚེ་ད་ཆ་༢༠༡༢ ཀྱི་རྒྱ་གར་དེ་སྔར་ལས་ཡར་རྒྱས་ཧ་ཅང་ཆེན་པོ་སོང་ཡོད་པ་དང་། ང་ཚོས་རྒྱལ་ཁབ་ཀྱི་མངའ་དབང་དུ་ཡོད་པའི་ས་ཆ་སོར་གང་ཙམ་ཡང་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ལྡན་ཡོད་ཅེས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱིས་མཚོ་དམག་ལྷན་ཚོགས་ཤིག་གི་སྐབས་བརྗོད་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། རྒྱ་དཀར་ནག་དབར་གྱི་༡༩༦༢ ལོའི་ས་མཚམས་དམག་འཁྲུག་གི་དོན་རྐྱེན་བྱུང་ནས་མི་ལོ་༥༠ འཁོར་གྱི་ཡོད་པ་དང། དེ་དང་འབྲེལ་བའི་གསར་འགོད་པ་ཞིག་གིས་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་ཨེ་ཀེ་ཨེན་ཊོ་ནི་ལ་དྲི་བ་བཏང་བའི་ལན་དུ། དེ་སྔ་རྒྱ་གར་བྱང་ཤར་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུར་དོ་སྣང་བྱས་མེད་ཀྱང། ད་ཆ་ང་ཚོས་དེ་ཕྱོགས་མགྱོགས་པོ་མདུན་བསྐྱོད་བྱས་ཡོད། དེང་སང་རྨང་གཞིའི་འཛུགས་སྐྲུན་དང། མིའི་ནུས་སྟོབས། དེ་བཞིན་རྒྱུ་དངོས་སོགས་སྔར་ལས་ཀྱང་ཤུགས་ཆེ་ཞིང་གྲ་སྒྲིག་པོ་ཆགས་ཡོད་ཅེས་བརྗོད་འདུག
ཁོང་གིས་མུ་མཐུད། རྒྱ་གར་སྲིད་གཞུང་ནས་ས་ཁུལ་དེ་དག་ནང་མུ་མཐུད་འཛུགས་སྐྲུན་བྱེད་རྒྱུ་དང། དམག་སྡེ་ཚོར་གོ་མཚོན་ལེགས་ཤོས་སྤྲོད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་རྒྱ་ནག་དང་ལྷན་དུ་ས་མཚམས་འབྲེལ་མོལ་མུ་མཐུད་བྱེད་རྒྱུ་དང་། ཕར་ལ་གྲོགས་པོའི་འདུ་ཤེས་དེ་རྒྱུན་བསྲིང་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།
སྤྱིར་ཕྱི་ལོ་༡༩༦༢ ཟླ་བ་༡༠ ཚེས་༢༠ ཉིན་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་རྒྱ་གར་དམངས་གཙོ་རྒྱལ་ཁབ་ལ་དམག་རྒོལ་བྱས་པ་དང། ལོ་དེ་གའི་ཟླ་བ་༡༡ པའི་ཚེས་༢༠ ཉིན་རྒྱ་ནག་ཕྱོགས་ནས་དམག་མཚམས་འཇོག་བརྡ་བཏང་ནས་རྒྱལ་ཁབ་གཉིས་པོའི་དམག་འཁྲུག་མཇུག་བསྒྲིལ་ཐུབ་པ་རེད།
ཟླ་གཅིག་རིང་དམག་འཁྲུག་བྱས་པའི་བརྒྱུད་རིམ་དུ་ས་དམག་མ་གཏོགས་གནམ་དམག་དང་མཚོ་དམག་སོགས་བཏང་མེ་དཔ་རེད། དམག་འཁྲུག་གི་དོན་རྐྱེན་འོག་རྒྱ་གར་ཕྱོགས་ནས། དམག་གྲངས་༡༣༨༣ གྱི་ཚེ་སྲོག་ཤོར་ཡོད་པ་དང། དམག་གྲངས་༡༠༤༧ ལ་རྨས་སྐྱོན་ཕོག་པ། དམག་གྲངས་༡༦༩༦ གར་སོང་ཆ་མེད་དུ་སོང་བ། མཐར་དམག་གྲངས་༣༩༦༨ རྒྱ་ནག་དམག་དཔུང་གིས་འཛིན་བཟུང་བྱས་པ་རེད།
རྒྱ་དམར་པོའི་ཕྱོགས་ནས་དམག་གྲངས་༧༢༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང། དམག་གྲངས་༡༦༩༧ ལ་རྨས་སྐྱོན་ཕོག་པ་བཅས་རེད། གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་པས་ཕྱོགས་གཉིས་པོ་ནས་དམག་མི་ཉུང་ཞིག་འདས་གྲངས་དང་རྨས་སྐྱོན་སོགས་ཀྱང་བྱུང་ཡོད་པ་རེད།།
