ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་པ།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༧གོང་ས་མཆོག་དང་། བྷར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཀི་གཉིས། རྒྱལ་སྤྱིའི་ཞི་བདེའི་བསྟི་གནས་ཁང་གི་སློབ་སྟོན་པའི་ཚོགས་མིར་འཛུལ་ཞུགས་གནང་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་སྤེལ་བའི་གནས་ཚུལ་ལྟར་ན། ༧གོང་ས་མཆོག་དང་བྷར་མའི་མང་གཙོ་དོན་གཉེར་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་རྣམ་གཉིས། “ཧྥོ་རོམ་༢༠༠༠” ཞེས་པའི་ཞི་བདེའི་བསྟི་གནས་ཁང་(Forum 2000) གི་སློབ་སྟོན་པའི་ཚོགས་མིའི་International Advisory Board ཁོངས་སུ་འཛུལ་ཞུགས་མཛད། ཞི་བདེའི་བསྟི་གནས་ཁང་དེ་ཐོག་མར་ཕྱི་ལོ་༡༩༩༦ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝཀ་ལེབ་ཧ་ཝེལ་དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་ཡོ་ཧེ་སཱ་སཱ་ཀ་ཝ། དེ་བཞིན་ཨ་རིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རོ་མེ་ནི་ཡེའི་མི་རིགས་སྐུ་ཞབས་ཨེ་ལི་ཝེ་སེལ་བཅས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་འདུག
ད་ལྟའི་ཆར་སློབ་སྟོན་པའི་ཚོགས་མིའི་ཁོངས་སུ་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཧྥེར་ཌེ་རིཀ་ཝིལ་ཡེམ་ཌི་ཀ་ལཀ་དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་ཡོ་ཧེ་སཱ་སཱ་ཀ་ཝ་སོགས་ཡོད་འདུག དེ་ཡང་༧གོང་ས་མཆོག་གིས་ཐེངས་འདིར་བསྟི་གནས་ཁང་ལ་གསུང་འཕྲིན་ཞིག་བསྩལ་གནང་མཛད་པའི་ནང་འཁོད་དོན།
ངོས་ཀྱིས་བསྟི་གནས་ཁང་འདིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝཀ་ལེབ་ཧ་ཝེལ་དམ་པ་ཁོང་གིས་དགོངས་པ་བཞིན། འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་གོང་འཕེལ་གཏོང་ཆེད་ངལ་བ་ཁྱད་གསོད་ཀྱི་ཐོག་ནས་འབད་བརྩོན་མུ་མཐུད་ཞུ་རྒྱུའི་རེ་བ་ཞུ་རྒྱུ་མ་ཟད། ངོས་ནས་ཀྱང་བསྟི་གནས་ཁང་དང་ལྷན་ལས་དོན་དེ་དག་ཐོག་མཉམ་རུབ་ཞུ་རྒྱུ་ཡིན་ཞེས་བསྩལ་ཡོད།
ཕྱོགས་མཚུངས་ཧྥོ་རམ་༢༠༠༠ བསྟི་གནས་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཇེ་ཀོབ་ཀེལ་པལ་Jakub Klepal མཆོག་གིས། དབུ་ཁྲིད་རྣམ་གཉིས་བསྟི་གནས་ཁང་གི་སློབ་སྟོན་པའི་ཚོགས་མིའི་ཁོང་སུ་འཛུལ་ཞུགས་གནང་བའི་གནད་དོན་ཐོག་གསལ་བསྒྲགས་སྤེལ་དོན། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཙམ་མ་ཟད། བྷར་མའི་དབུ་ཁྲིད་ལྕམ་སྐུ་ཨང་སང་སུ་ཀི་མཆོག་ཀྱང་། ང་ཚོའི་བསྟི་གནས་ཁང་གི་སློབ་སྟོན་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་བར་ཧ་ཅང་དགའ་པོ་བྱུང། མི་རིང་བར་ང་ཚོས་ཞི་བདེའི་དེད་དཔོན་རྣམ་གཉིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ས་པ་རཱག་ཏུ་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་༡༦ པ་དེ། ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༢༡ ནས་༢༣ བར་འཚོགས་གཏན་འཁེལ་བའི་ལྷན་ཚོགས་སུ་མགྲོན་འབོད་ཞུས་པ་ལྟར་ཆིབས་སྒྱུར་བསྐྱང་རྒྱུར་ངང་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།