༄༅།། གྲྭ་རྒན་ཅིག་ལ་བྲིས།།

རྗེ་བ་གསུམ་དང་འབྲལ་ལ་ཁད།།

རྣམ་གསུམ་གོས་དེ་ཕུད་ལ་ཁད།།

གྲྭ་ས་གཡུགས་ཏེ་སྨྱོ་ལ་ཁད།།

སེམས་པ་རླུང་བུའི་ཁུར་ལ་ཁད།།

དམ་ཚིག་ཤེལ་སྒོང་བགད་ལ་ཁད།།

ཚབས་ཆེ་ཉེས་པ་བསག་ལ་ཁད།།                                                              

འདི་སྣང་སྒྱུ་མའི་བསླུ་ལ་ཁད།།

དམར་སེར་མདངས་དེ་ཉམས་ལ་ཁད།།

 མི་གཞིའི་སྙིང་དོན་གཏོར་ལ་ཁད།།

 འདི་མེད་ཕྱི་མེད་བྱེད་ལ་ཁད།།

 ལས་འབྲས་ཁྱད་གསོད་བྱེད་ལ་ཁད།།

 འདོད་ཆགས་ཆགས་པའི་སྨྱོ་ལ་ཁད།།

ཀླད་མེད་ལྐུགས་རྟག་སྟོན་ལ་ཁད།།

 གྲོགས་ཀྱི་རེ་བཅོལ་གཡུག་ལ་ཁད།།

 རང་སྡུག་རང་གིས་ཉོ་ལ་ཁད།།         

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་

གྲྭ་ཆུང་ཁོང་དྲྭ་ངོས་ནས་ལབ་གླེང་བྱེད་ཞོར་སྐབས་ཁ་ཐུག་ལ་བྲིས་སོ།།  ༢༠༡༢ ༡༠ ༡༨