ཤུལ་ལུས་ཀྱི་མ་བུ་མཉམ་དུ་ངུས་པ།
༼སངས་རྒྱས་རྒྱ་མཚོའི་བཟང་ཟླ་དང་བུ་རྒྱུད།༽
ཀ་བ་ཞིག་པའི་ཁྱིམ་སྟོང་འདི་རུ་གྲང་ངར་འཚུབ་དུས།།
ཁ་ཁོག་བྲལ་ཞིང་བྱེ་ཐང་ལུས་པའི་དྭ་ཕྲུག་ཇི་བཞིན།།
ག་བར་ལྟས་ཀྱང་ཁྱེད་རང་དྲན་ཏེ་ཡ་ཆུང་གས་སོང།།
ང་ཡང་ཕོ་རྒོད་མཉམ་དུ་ཕྱི་མའི་ཡུལ་དུ་འདྲེན་རོགས།།།།
༼སངས་རྒྱས་རྒྱ་མཚོའི་བུ་རྒྱུད།༽
ཅ་དངོས་ཙམ་མིན་མི་རབས་མང་པོའི་ཤ་འཁོན་ཡིན་སོང།།
ཆ་མེད་ཁྱོ་བོ་དྲན་ཞིང་ཤུལ་ལུས་ཡོངས་ནས་ངུས་ཀྱང།།
ཇ་ཆང་ཞིམ་མངར་ཁྱེད་དང་མཉམ་དུ་རོལ་ན་བསམ་བྱུང།།
ཉ་གང་ཟླ་ལྟར་ཁྱེད་ཀྱི་འཛུམ་མདང་ཡལ་མེད་ཤར་དུས།།།།
༼སངས་རྒྱས་རྒྱ་མཚོའི་བཟང་ཟླ།༽
ཏ་རེ་དཔལ་མོའི་སྨྲེ་ངག་ཟློ་བཞིན་ངུ་ངག་འདྲེས་སོང།།
ཐ་མར་ང་དང་ཕྲུ་གུ་འཇིགས་སྣང་གླིང་དུ་ལུས་པར།།
ད་ནས་སྡུག་གི་མདུད་པ་གྲོལ་ནས་ང་ཚོར་གཟིགས་སམ།།
ན་ནིང་ལྟ་བུ་ང་ཚོ་གཡུག་ནསགླིང་གཞན་ཕེབས་དུས།།།།
༼ལྷ་མོ་ཚེ་བརྟེན་གྱི་བཟའ་ཟླ་༽
ཙ་རྭ་དབུས་སུ་ཡུག་ས་དྭ་ཕྲུག་སྔར་ལྟར་ལུས་བྱུང།།
ཚ་གྲང་མང་བའི་སེམས་ཀྱི་སྐྱོ་སྡུག་རླབས་བཞིན་འཕྱུར་འོང།།
ཛ་དྲག་ཆེ་དུས་རིགས་ཀྱི་བདེ་དོན་སེམས་ནས་སྒོམ་བཞིན།།
ཝ་ཚོགས་སྡང་གཟུགས་ཅན་ཚོའི་འདོད་ཧམ་ཇི་ཙམ་ཆེ་ཡང།།།།
༼དོན་འགྲུབ་ཀྱི་བཟའ་ཟླ་དང་བུ་ཚབ།༽
ཞ་ར་ཚོས་ཀྱང་ཁྱི་སྤྱང་ལག་འབྲེལ་སྤྱོད་ངན་མཐོང་ཡོད།།
ཟ་མ་མོ་ངས་མིག་ཆུ་ཕྱེས་ནས་སྤོབས་པ་བརྟེན་བྱུང།།
འ་ཅག་མཐར་མའི་རྒྱལ་ཁར་ངེས་པའི་དོན་དུ་འཁྱོལ་ཕྱིར།།
ཡ་མེད་ཡུན་རིང་འཐབ་རྩོད་ལས་ཀྱང་རྒྱུན་དུ་བསྲེང་ཆེད།།།།
༼རྡོ་རྗེ་རིན་ཆེན་གྱི་བཟའ་ཟླ་མཁར་་མོ་བྱམས།༽
ར་ལུག་ཁྱུ་ཚོགས་ཁྱི་སྤྱང་ཁ་ནས་ཐབས་ཀྱིས་སྐྱོབས་དགོས།།
ལ་རྒྱ་སེམས་སུ་འཛིན་རོགས་སྐྱེས་བུའི་ཐུགས་དང་མཐུན་ཡོད།།
ཤ་ཞེན་སྙིང་སྟོབས་རི་རབ་ལྷུན་པོར་འགྲན་པར་ནུས་པའི།།
ས་ཆེན་འདི་ལ་རི་རྒྱལ་ལྷུན་པོའི་བླ་སྲོག་འཛིན་དགོས།
༼གུང་ཐང་སྐུ་ཕྲེང་བདུན་པའི་ཡབ་ཡུམ་གཉིས།༽
ཧ་ཅང་ཛ་དྲག་དུས་འདིར་ཤེས་རབ་བློ་གྲོས་བསྐྱེད་དེ།།
ཨ་མའི་སེམས་ཀྱི་ནོར་བུ་སྙིང་ལ་རུས་པ་ཉར་རོགས།།།།
ཕྱི་ལོ ༢༠༡༢ ཟླ ༡༠ ཚེས ༢༣ ཉིན་ལས་ཁང་དུ་བྲིས།
༼སྐལ་བཟང་སྦྱིན་པའི་ཤུལ་ལུས་ཀྱི་ཕ་མ་སྤུན་མཆེད། ༽
༼མགོན་པོ་ཚེ་རིང་གི་ནང་མི་སྤུན་མཆེད།༽
༼དཀོན་མཆོག་སྐྱབས་ཀྱི་ཕྲུ་གུ་གཉིས།༽
༼༢༠༡༣ལོའི་ཟླ་༣ཚེས་༢༤ཉིན་དཔའ་མོ་སྐལ་སྐྱིད་ཀྱི་ཤུལ་ལུས་བཟའ་ཟླ་བུ་རྒྱུད་བཅས།༽