རྒྱ་ནག་ལ་བཙོང་རྒྱུའི་ཚབ་ཏུ་ཉོ་རྒྱུ་ཡིན་ཟེར་གྱི་ཡོད་དམ།

སྲིད་འཛིན་ཨོ་བྷ་མས། “རྒྱལ་ཁབ་ཀྱི་ས་ཁྲའི་རྒྱ་ལ་བརྒལ་བའི་གཏམ་གླེང་འདི་དང་། ཁྱོད་ཀྱིས་དུས་རྟག་ཏུ་ང་ཚོའི་དམག་དཔུང་གིས་ཨི་རག་ཏུ་དཔུང་འཇུག་བྱེད་དགོས་པའི་བསམ་ཚུལ་དེ་ནི་རྩ་བ་ནས་ནོར་ཡོད། གང་ཡིན་ཟེར་ན། ལུང་པ་དེའི་ནང་གཏོར་རྒོལ་ལ་ཉེན་འཚབ་ཆེ་བའི་མེ་སྒྱོགས་རྩ་བ་ནས་མི་འདུག”ཟེར། སྲིད་འཛིན་འོས་མི་རོམ་ནཱི་ཡིས། “ཨ་རིའི་སྲིད་འཛིན་གྱི་འགན་ཆེ་ཤོས་དེ་ཨ་རིའི་མི་མང་གི་བདེ་འཇགས་རེད། ཁྱོད་ཀྱིས་ཨ་རིའི་དམག་དོན་སྔོན་རྩིས་གཅོག་ཆག་གི་བསམ་ཚུལ་དེ་རྩ་བ་ནས་ནོར་ཡོད།”ཟེར། གཏམ་དུམ་འདི་ནི་ཨ་རིའི་ཕོ་བྲང་དཀར་པོའི་སྲིད་སྐྱོང་ལ་འགྲན་རྩོད་བྱེད་མཁན་གཉིས་ཀྱི་བགྲོ་གླེང་གསུམ་པའི་སྐབས་བརྗོད་པ་ཞིག་རེད།་་་་་་་་་

སླེབས་ལ་ཉེ་བའི་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་ཆེད་དུ། མང་གཙོ་ཚོགས་པའི་ཁོངས་གཏོགས་སྲིད་འཛིན་ལས་ཐོག་ཨོ་བྷ་མ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོམ་ནཱི་གཉིས་ཀྱིས་བགྲོ་གླེང་མཐའ་མ་དེ་བྱེད་པའི་སྐབས། རོམ་ནཱི་ཡིས་ཨོ་བྷ་མར་སྐྱོན་བརྗོད་འདི་ལྟར་བྱས་སོང་། “སྲིད་འཛིན་ཨོ་བྷ་མས། ཨ་རབ་ཀྱི་གསར་བརྗེའི་ལས་འགུལ་དང་བསྟུན་ནས་མདུན་བསྐྱོད་བྱས་ཐུབ་མེད་ཅིང་། འཇིགས་སྐུལ་རིང་ལུགས་པའི་གཏེ་དཔོན་བསད་ཡོད་ཀྱང་། ད་དུང་ང་ཚོའི་འགྲོ་ལམ་གྱི་དཀའ་ངལ་དེ་སེལ་ཐུབ་མེད། ཨ་རིའི་སྲིད་འཛིན་གྱི་འགན་ཆེ་ཤོས་དེ་ཨ་རིའི་མི་མང་གི་བདེ་འཇགས་ཡིན་རུང་། ཁྱོད་ཀྱིས་ཨ་རིའི་དམག་དོན་སྔོན་རྩིས་གཅོག་ཆག་གིས་བསམ་ཚུལ་དེ་རྩ་བ་ནས་ནོར་ཡོད། ང་སྲིད་འཛིན་ཆགས་ན་དམག་དོན་སྔོན་རྩིས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ trillion dollars  གཅིག་དེ་རང་འཇགས་གཏོང་གི་རེད། གལ་སྲིད་དམག་དོན་སྔོན་རྩིས་གཅོག་ཆག་བཏང་ན། ང་ཚོའི་མ་འོངས་པ་དེ་ངེས་གཏན་མེད་པ་དང་སྲུང་སྐྱོབ་མེད་པ་ཆགས་འགྲོ་ཡི་ཡོད་པ་ང་ལ་མཐོང་ཚུལ་ཡོང་གི་འདུག ཁྱོད་རང་སྲིད་འཛིན་དང་པོ་ལངས་པ་དང་ཁ་གཏད་གཅོག་རྒྱུའི་ཚབ་ལ། དཀྱིལ་ཤར་གྱི་རྒྱལ་ཁབ་ཁག་ལ་དགོངས་སེལ་ཞུས་ནས་ལྟ་སྐོར་བྱས་པ་དང་། ཨི་རན་གྱི་རྡུལ་འཕྲིན་བཟོ་སྐྲུན་ལ་རྟོགས་ཞིབ་ནན་གཏན་བྱས་མེད་པ་དེ་ནི་ནོར་འཁྲུལ་གྱི་སྲིད་ཇུས་རེད། དེ་བཞིན་རྒྱ་ནག་གིས་དངུལ་ལོའི་འཛའ་ཐང་འཕར་བཅུག་མེད་པ་དེར་ཁྲིམས་ཀྱིས་ཞིབ་དཔྱོད་བྱས་མེད་པ་དང་། ཨ་རིའི་མི་མང་གི་ལས་ཀ་རྒྱ་གཞུང་གིས་བརྐུས་པ་དེ་སྣང་མེད་དུ་བཞག་པ། ཅ་དངོས་ཐོན་གསར་དཔེ་བཤུས་བྱས་པར་སྟངས་འཛིན་མ་བྱས་པ་དེ་དག་ནོར་འཁྲུལ་གྱི་སྲིད་ཇུས་ཡིན། གལ་སྲིད་ང་སྲིད་འཛིན་ཆགས་ན་དེ་དག་ཞིབ་དཔྱོད་བྱེད་ངེས་ཡིན་”ཞེས་ནན་བརྗོད་བྱས།

ཨོ་བྷ་མས་རོམ་ནཱི་ཡི་སྐྱོན་བརྗོད་ལ་ལན་འདེབས་འདི་ལྟར་བྱས་སོང་།” རྒྱལ་ཁབ་ཀྱི་ས་ཁྲའི་རྒྱ་ལ་བརྒལ་བའི་གཏམ་གླེང་འདི་དང་། ཁྱོད་ཀྱིས་དུས་རྟག་ཏུ་ང་ཚོའི་དམག་དཔུང་གིས་ཨི་རག་ཏུ་དཔུང་འཇུག་བྱེད་དགོས་པའི་བསམ་ཚུལ་དེ་ནི་རྩ་བ་ནས་ནོར་ཡོད། གང་ཡིན་ཟེར་ན་ལུང་པ་དེའི་ནང་གཏོར་རྒོལ་ལ་ཉེན་ཚབ་ཆེ་བའི་མེ་སྒྱོགས་རྩ་བ་ནས་མི་འདུག དམག་དོན་སྔོན་རྩིས་ལ་དེ་ལྟར་གཏོང་མི་དགོས་པའི་རྒྱུ་མཚན་ནི། ང་ཚོར་གནམ་ས་ཆུ་གསུམ་གྱི་དམག་དོན་ཡོ་ཆས་འཛོམས་པོ་ཡོད་པས་རེད། ད་ལྟའི་འཛིན་སྐྱོང་གིས་ཨི་རྫི་རལ་གྱི་ཕྱོགས་སུ་ལངས་པ་དེ་ཨ་རན་གྱི་འཇིགས་སྐུལ་ལ་གདོང་ལེན་བྱེད་ཆེད་རེད་ལ། བདེ་འཇགས་ལ་བསམ་གཞིག་བྱེད་ས་གཙོ་བོ་ནི། འཇིགས་སྐུལ་རིང་ལུགས་པའི་བརྒྱུད་ལམ་དེ་རེད། ད་དུང་ང་ཚོས་ ༩། ༡༡ མི་གསོད་གནད་དོན་གྱི་ཐད་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན། རྒྱ་ནག་དང་ལྷན་དུ་ཨ་རིའི་ཚོང་འབྲེལ་བྱེད་བཞིན་པའི་ཐད་ལ། ཁྱེད་ཀྱི་བསམ་ཚུལ་ལྟར་བྱས་ན། རྒྱ་ནག་ལ་ཨ་རི་གཞུང་གིས་སྣུམ་འཁོར་བཙོང་རྒྱུའི་ཚབ་ཏུ་ཉོ་རྒྱུ་ཡིན་ཟེར་གྱི་ཡོད་དམ་”ཞེས་ཕར་དྲི་བའི་ཚུལ་དུ་བརྗོད་པས། བགྲོ་གླེང་ལ་འཛུལ་ཞུགས་བྱེད་མཁན་དམངས་ཁྲོད་ནས་དགོད་སྒྲ་ལྷང་ལྷང་གྲགས་པ་དང་། སྲིད་འཛིན་ཨོ་བྷ་མའི་གདོང་ལ་དགའ་བའི་འཛུམ་མདངས་ཤིག་ཀྱང་ཤོར་སོང་།