ཁམས་འབྲི་རུ་རྫོང་གི་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་གཅིག་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་༡༠ ཚེས་༢༥ ཉིན་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་རང་ལོ་༢༠ ཡིན་པའི་བུ་ཚེ་སྤོ། ཁོང་གི་ཕ་མིང་ལ་བུ་ཆུང་དང་མ་མིང་ལ་དགའ་དགའ་ཟེར་གྱི་ཡོད་པ་དང་། ཡང་རང་ལོ་༢༥ ཡིན་པའི་བུ་བསྟན་འཛིན། ཁོང་གི་ཕ་མིང་ལ་ཉི་མ་དང་མ་མིང་ལ་ལུགས་དགེ་ཟེར་གྱི་ཡོད་འདུག ཁོང་གཉིས་ཀྱིས་ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང། ཚེ་སྤོ་སྐུ་གྲོངས་ཚར་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་གཉིས་ཀྱི་འབོད་ཚིག་ནི་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས་ཞེས་སྐད་འབོད་བྱས་ཡོད་འདུག

བསྟན་འཛིན་ནི་༢༠༠༨ ལོར་བཙན་བྱོལ་དུ་ཡོང་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་ཟླ་༦ ཙམ་རིང་སྡོད་མྱོང་ཡོད་འདུག

ཁོང་རྣམ་པ་གཉིས་ནི་བོད་རང་སྐྱོང་ལྗོངས་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་ནག་རོག་ཕམ་པ་གྲོང་སྡེ་ནས་རེད་འདུག  ནག་རོག་ནི་ནག་བུག་སེར་གསུམ་ནང་ཚན་ནགས་ཤོད་ཚོ་དགུའི་ཚོ་ཆུང་གསུམ་ཟེར་བ་དེའི་ཡ་གྱལ་ཡིན་སྐོར་ཤོད་ཀྱི་འདུག

ད་སྐབས་ནག་རོག་ས་ཁུལ་དུ་རྒྱ་དམག་གིས་བསྐོར་ནས་དམ་དྲག་ཆེ་བས་ཁ་པར་དང་གསར་འགྱུར་གྱི་བརྒྱུད་ལམ་ཡོངས་རྫོགས་བཀག་བསྡོམས་ཀྱིས་འབྲེལ་བ་བྱེད་ཁག་པོ་ཡོད་པ་མ་ཟད། གནས་ཚུལ་ཞིབ་ཕྲ་ཤེས་རྒྱུ་དཀའ་ལས་ཁག་པོ་འདུག་ཅེས་བོད་ནས་འགྲེལ་བརྗོད་གནང་གི་འདུག

སྤྱིར་འབྲི་རུ་རྫོང་གི་ས་ཁུལ་ཡོངས་སུ་༢༠༠༨ ནས་བཟུང་ཞི་རྒོལ་བསྟུད་མར་བྱུང་བ་ལ་བརྟེན་ནས། རྒྱ་གཞུང་གིས་ཆེད་དུ་དམག་མི་གང་མང་བཀོད་སྒྲིག་གིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པ་རེད་འདུག།