རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ།
དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་གལ་འགང་ཆེ་བའི་རིག་པའི་གནས་མང་པོ་ཞིག་ཆུད་ཟོས་དང་ཉམས་ཆག་ལ་འགྲོ་གི་ཡོད་རེད་ཅེས། རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་ཀྱི་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་དྷ་སའི་གངས་སྐྱིད་དུ་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་། དྷ་སའི་དབུས་བོད་ཀྱི་སྨན་རྩིས་ཁང་། ཝཱ་ར་ཎ་སཱའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན། ལྕགས་པོ་རི་བོད་སྨན་དྲན་རྟེན་སློབ་གཉེར་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རང་མཆོག་དང་། གཞན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྒན་པ་ངག་དབང་འཕེལ་རྒྱས་མཆོག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྒྱལ་ཁབ་ཁག་༢༠ ལྷག་ནས་ཐེངས་འདིའི་ཚོགས་ཆེན་དུ་བཅར་བའི་སྨན་པ་༢༢༧ བཅས་མཉམ་འཛོམས་ཀྱིས། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས། ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ངག་བཅད་སྐར་མ་གཅིག་དང་། གཡུ་ཐོག་གསོལ་འདེབས་བཏོན་ཏེ་མཛད་སྒོ་དབུ་འཛུགས་བྱས་སོང་།
དེ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་རྡོ་རྗེ་དགྲ་འདུལ་མཆོག་གིས་ཚོགས་ཆེན་ངོ་སྤྲོད་གནང་སྐབས། ཚོགས་ཆེན་འདི་དུས་རབས་༨ པའི་ནང་བསམ་ཡས་ལ་འཚོགས་པའི་ཚོགས་ཆེན་དེའི་ཐེངས་གཉིས་པ་ཆགས་ཀྱི་ཡོད་སྐོར་དང་། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་། དྷ་སའི་དབུས་བོད་ཀྱི་སྨན་རྩིས་ཁང་། ཝཱ་ར་ཎ་སཱའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན། ལྕགས་པོ་རི་བོད་སྨན་དྲན་རྟེན་སློབ་གཉེར་ཁང་བཅས་ཐུན་མོང་གི་གོ་སྒྲིག་བྱས་པ་ཞིག་ཡིན་སྐོར། དེ་བཞིན་ད་ལམ་གྱི་ཚོགས་ཆེན་འདིར་ཨ་རི་དང་། རྒྱ་ནག ཐའེ་ཝན་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་༢༡ ནས་སྨན་པ་༡༧༥ དང་། དཔྱད་རྩོམ་སྒྲོགས་སྦྱང་གནང་མཁན་༢༡། གསུང་བཤད་གནང་མཁན་༢༥ བཅས་ཁྱོན་བསྡོམས་གསོ་བ་རིག་པའི་རྒྱུན་འཛིན་པ་སྨན་པ་གྲངས་༢༧༥ ཚོགས་ཆེན་འདིར་ཕེབས་ཡོད་སྐོར་དང་། ཉིན་གསུམ་གྱི་ཚོགས་ཆེན་འདིར་ཚོགས་ཐུན་༢༠ དང་། མཁས་པ་ཁག་གི་གཏམ་བཤད་གྲངས་༣༤ །དཔྱད་རྩོམ་སྒྲོགས་སྦྱང་གནང་༢༡ བཅས་ཡོད་སྐོར། ཚོགས་ཆེན་འདི་གོ་སྒྲིག་བྱས་དགོས་པའི་དམིགས་ཡུལ་གཙོ་བོ་སྤྱིར་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛམ་གླིང་གང་སར་ཁྱབ་བརྡལ་གང་འཚམས་འགྲོ་བཞིན་ཡོད་ཀྱང་། ད་དུང་གསོ་བ་རིག་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་སོགས་ཀྱི་ཆེད་ཡིན་སྐོར་སོགས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། “དེ་རིང་འདིར་ཚོགས་འདུར་སླེབས་ནས་གསུང་བཤད་གནང་མཁན་གྱི་གསུང་བཤད་ཉན་པའི་སྐབས་མ་གཏོགས། ཚོགས་ཆེན་འདི་དུས་རབས་༨ པའི་ནང་བསམ་ཡས་ལ་འཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དེའི་གཉིས་པ་ཡིན་པ་ངས་ཤེས་ཡོད་མ་རེད། བསམ་ཡས་ལ་འཚོགས་པའི་ཚོགས་ཆེན་དེའི་ཚོགས་ཐེངས་གཉིས་པ་དེ་ཡིན་ན། དེའི་གནས་ཚད་དང་། ཕྱག་ལས་གནང་ཕྱོགས། གྲུབ་འབྲས་བཅས་ལ་ང་ཚོས་ཚོད་དཔག་དང་རེ་སྒུག་ཆེན་པོ་ཞིག་བྱེད་དགོས་པ་ཆགས་ཡོད་རེད། དེར་བརྟེན། དུས་ཡུན་ཉིན་གསུམ་གྱི་ནང་ག་འདྲ་བྱས་ནས་ཡོང་གི་ཡོད་ནའང་བསམ་པའི་དོགས་པ་ཞིག་བྱུང་སོང་། ངས་ཚོད་དཔག་བྱས་པ་ཡིན་ན་བསམ་ཡས་ཀྱི་ཚོགས་འདུ་དེ་ཉིན་ཁ་ཤས་དང་ཟླ་བ་ཁ་ཤས་མ་ཡིན་པར། ལོ་ནས་ལོ་མཐུད་ནས་གནང་བའི་བྱུང་རབས་ཤིག་ཡོད་དགོས་རེད་བསམ་གྱི་ཡོད། སྤྱིར་བཏང་། བོད་ཀྱི་རིག་གནས་མང་ཆེ་བ་ཞིག་ལ་བྱུང་རབས་ཀྱི་ཆ་ཤས་དེ་བྱུང་བ་རིག་པ་དང་མཐུན་པ་མེད་པ་མང་པོ་རེད། དེ་བཞིན་དུ་བོད་ཀྱི་སྨན་གྱི་རིག་གནས་ལ་མཚོན་ན། སྨན་གྱི་རིན་ཐང་དང་འབྲེལ་བའི་བྱུང་བ་རིག་པ་དེ་སྐྱོ་པོ་ཞེ་དྲག་རེད། མང་ཆེ་བ་ཞིག་སྒྲུང་དང་འཇིག་རྟེན་ལས་འདས་པའི་གཏམ་རྒྱུད་ལ་བརྟེན་པ་ཞིག་མ་གཏོགས། བྱུང་བ་རིག་པའི་འགྲོས་དང་མཐུན་པའི་བྱུང་རབས་བཤད་རྒྱུ་ཁག་པོ་རེད། སྨན་གྱི་རིག་གཞུང་ཡང་དེ་དང་མཚུངས་པ་འདྲ་བོ་ཞིག་རེད་”ཅེས་དང་།
ཡང་ཁོང་གིས་“ཚོགས་ཆེན་འདི་ལོ་གཅིག་སྟོང་ཉིས་བརྒྱ་བརྒལ་བའི་སྔོན་གྱི་བསམ་ཡས་ཀྱི་ཚོགས་ཆེན་ཐེངས་དང་པོ་དེའི་མཇུག་སྐྱོང་གི་ཚོགས་ཆེན་ཐེངས་གཉིས་པ་ཡིན་ན། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཚོགས་ཆེན་གོ་སྒྲིག་པ་ཚོས་ཐུགས་འགན་མུ་མཐུད་ནས་བཞེས་ཏེ། དངོས་གནས་བསམ་ཡས་ཀྱི་ཚོགས་ཆེན་དང་པོའི་ཚོགས་ཆེན་གཉིས་པ་ཆགས་པ་ཞིག་བཟོས་པ་ཡིན་ན། དེའི་རྗེས་འབྲེལ་གྱི་ཕྱག་ལས་མང་པོ་ཞིག་གནང་དགོས་རེད་བསམ་གྱི་ཡོད། གནང་དགོས་ཀྱི་ཡང་ཡོད་རེད་ལ་གནང་ཐུབ་ཀྱི་ཡང་རེད། དེ་གནང་ཐུབ་པ་ཡིན་ན་དགེ་མཚན་ཡོད་རེད་བསམ་གྱི་ཡོད། སྤྱིར་བཏང་རིག་གནས་ག་འདྲ་ཞིག་ཡིན་ན་ཡང་། རིག་གནས་ཟེར་བ་དེ་འགྲོ་བ་སྤྱི་ཡོངས་ཀྱི་ལོངས་སྤྱོད་བྱར་གྱུར་འི་ཁྱད་ནོར་ཞིག་རེད་མ་གཏོགས། རྒྱལ་ཁབ་དང་མི་རིགས་བྱེ་བྲག་པ་དེ་འདྲར་བདག་ཡོད་པ་དེ་འདྲ་མ་རེད། ཡིན་ན་ཡང་རིག་གནས་དེ་ཐོག་མར་གང་ནས་དར་བ་ཡིན་པ་དང་། ཐོག་མར་དར་ས་དེའི་དབང་གིས་རིག་གནས་དེའི་རྒྱབ་ལྗོངས་དང་། ལྷག་པར་དུ་ལེགས་སྦྱང་གི་གནས་བབས་དང་འབྲེལ་བའི་ཐོག་ལ་གནས་ཚད་མང་པོ་ཞིག་གིས། དམིགས་བསལ་བ་ཞིག་དང་ཁྱད་པར་བ་ཞིག་ཆགས་འགྲོ་ཡི་ཡོད་རེད། དེར་བརྟེན། བོད་ཀྱི་གསོ་བ་རིག་པ་དེ་སྤྱིར་བཏང་རྒྱ་གར་གྱི་ཚེ་ཡི་རིགས་བྱེད་ལ་བརྒྱ་ཆ་བརྒྱད་ལྷག་གཞི་བཅོལ་ཡོད་རེད། ཡིན་ན་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་ལེགས་སྦྱང་གི་རྒྱབ་ལྗོངས་ནས་བྱུང་བ་དང་། མི་རིགས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ནས་བྱུང་བའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་རེད། དེར་བརྟེན། བོད་སྨན་གྱི་ལམ་སྲོལ་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཆགས་བསྡད་ཡོད་རེད། འདི་ང་ཚོའི་སྒེར་བདག་ཡིན་ཟེར་རྒྱུ་ཡོད་མ་རེད། ཡིན་ན་ཡང་བོད་ཀྱི་ཐུན་མོང་མིན་པའི་རིག་གནས་ཡིན་སྟབས། འདི་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་བོད་མི་རིགས་ལ་དམིགས་བསལ་ལས་འགན་ཞིག་ཡོད་རེད་ལ། དེ་ཡོད་པ་ནང་བཞིན་ལོ་གཅིག་སྟོང་བརྒལ་བའི་རིང་མེས་པོ་དེ་ཚོས་དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་ནས་འཛིན་སྐྱོང་སྤེལ་གསུམ་གནང་བ་དེ། ད་ལྟ་དུས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་སྐབས་སུ། ང་ཚོས་འཛིན་སྐྱོང་སྤེལ་གསུམ་དེ་དང་མཐུན་པ་ཞིག་གནང་ཐུབ་དགོས་པ་དེ། ང་ཚོའི་ལས་འགན་རེད་མ་གཏོགས་མི་གཞན་པ་ཞིག་ལ་རེ་བ་རྒྱག་རྒྱུ་མེད་པ་རེད། དེར་བརྟེན། བོད་སྨན་གྱི་རིག་གཞུང་ཉར་ཚགས་བྱེད་རྒྱུ་དེ་བོད་ཕྱི་ནང་གི་བོད་མི་ཚང་མས་ལས་འགན་རེད།
དེ་ཡང་རང་གི་དོན་དག་མ་ཡིན་པར་འགྲོ་བ་སྤྱི་ཡོངས་ཀྱི་ཆེད་དུ་ང་ཚོས་འཛིན་སྐྱོང་བྱེད་པ་དགོས་པ་དེ་ཚང་མར་ར་འཕྲོད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། ང་ཚོའི་རིག་པའི་གནས་ལྔའི་ནང་ནས་གསོ་བ་རིག་པ་དེ་རང་རྐང་ཐུབ་པའི་རིག་གནས་ཤིག་རེད། བོད་པར་ཆ་མཚོན་ན། ཚད་མ་རིག་པ་དང་ནང་དོན་རིག་པ་གཉིས་པོ་དེ། བརྒྱ་ཆ་བརྒྱ་ཐམ་པ་རྒྱ་གར་གྱི་སྲོལ་རྒྱུན་ལ་ཆ་བཞག་པ་མ་གཏོགས། བོད་པས་དེ་ལ་གསར་བཏོད་དང་ཁ་སྣོན་རྒྱག་འཆར་གྱི་ཐབས་ཤེས་ནམ་ཡང་གནང་མེད་པ་མ་ཟད། དེ་མི་ཡོང་ཐབས་ཀྱི་ཐབས་ཤེས་ཤུགས་ཆེན་པོ་གནང་པ་རེད། རྒྱ་གར་རང་གི་སྲོལ་རྒྱུན་གཙང་མ་བཞག་པ་རེད། བཟོ་རིག་པར་མཚོན་ན་ཡང་དེའི་གཞི་རིམ་མང་ཆེ་བ་ཞིག་རྒྱ་གར་གྱི་རིག་གནས་ཀྱི་མཚན་ཉིད་སྟོན་པའི་གཞུང་རང་ལ་ཆ་བཞག་ཡོད་རེད་མ་གཏོགས། བོད་པས་དམིགས་བསལ་གྱིས་བཟོ་རིག་པར་གསར་བཏོད་དང་ཐེ་ཇུས་ཧ་ལམ་བྱས་མེད་པ་ལྟ་བུ་རེད། བོད་ཀྱི་དམིགས་བསལ་གནའ་བོའི་གསོ་རིག་དེ་འདྲ་རེ་ཟུང་། རྒྱ་གར་ནས་འགྱུར་བའི་བཟོ་རིག་པའི་མཚན་ཉིད་སྟོན་པའི་གཞུང་དང་མི་མཐུན་པ་རེ་ཟུང་ཡོད་རྒྱུ་རེད་མ་གཏོགས། གསོ་རིག་མང་ཆེ་བ་དེ་རྒྱ་གར་ལ་བརྟེན་པ་ཞིག་རེད། སྒྲ་རིག་པ་ནི་སྐད་ཡིག་ལ་བརྟེན་པ་ཡིན་ཙང་སོ་སོའི་སྐད་ཡིག་ལ་བརྟེན་པ་ཞིག་ཡོང་དགོས་པ་དེ་སྨོས་མེད་རེད། དེར་བརྟེན། བོད་པའི་སྒྲ་རིག་པ་དེ་རྒྱ་གར་ནས་བྱུང་བ་རེད་ཅེས་ལབ་ན་ཏག་ཏག་བསྡད་ཡོད་རྒྱུ་མ་རེད། ཡིན་ན་ཡང་། བོད་པའི་སྐད་དེ་ལེགས་སྦྱར་གྱི་སྐད་དང་གཅིག་མཚུངས་ཀྱིས། ལེགས་སྦྱར་ལ་གང་མངོན་པར་གསལ་ཐུབ་པ་དེ། བོད་སྐད་ལ་མངོན་པར་གསལ་ཐུབ་པ་བཟོས་ཡོད་རེད། དེར་བརྟེན། སྒྲ་རིག་པའི་གཞུང་ལུགས་ཀྱང་སྤྱིར་བཏང་བོད་སྐད་ལ་བརྟེན་པ་གང་ཞིག་ལ། རྒྱ་གར་གྱི་གཞུང་ལུགས་ལ་ཧ་ཅང་ཤུགས་ཆེན་པོ་བརྟེན་ནས་བཟོས་པ་ཞིག་རེད། གསོ་བ་རིག་པ་དེ་བོད་པས་ཆ་ཚང་རྒྱ་གར་ལ་ཆ་མ་བཞག་ནས། རང་གི་རིག་པའི་གནས་དང་རིག་པའི་གནས་དེའི་མཚན་ཉིད་སྟོན་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་ཞིག་བཟོས་གནང་ཡོད་རེད། ད་ལྟའི་བར་ལག་ལེན་ལ་ཉམས་ཆག་ཕྱིན་པ་མ་གཏོགས། གཞུང་ལུགས་ལ་ཉམས་ཆག་མ་ཕྱིན་པ་འདྲ་བོ་བྱས་ནས་གནས་ཡོད་རེད་བསམ་གྱི་ཡོད། རྕ་བས་བོད་མིའི་སྤྱི་ཚོགས་ནང་མང་ཚོགས་ཀྱི་སློབ་གཉེར་བྱེད་སྟངས་ལ་མཚོན་ན། ནང་དོན་རིག་པ་དང་། ཚད་མ་རིག་པར་སློབ་གཉེར་བྱེད་མཁན་མང་ཤོས་རེད། བཟོ་རིག་པ་དང་སྒྲ་རིག་པར་སློབ་གཉེར་བྱེད་མཁན་དེ་ལས་ཉུང་བ་རེད། གསོ་བ་རིག་པར་སློབ་གཉེར་བྱེད་མཁན་དེ་ལས་ཀྱང་ཉུང་བ་རེད། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པའི་གསོ་བ་རིག་པའི་རྒྱུན་འཛིན་འདང་ཙམ་ཞིག་མ་གཏོགས། མང་པོ་ཞིག་གིས་གསོ་བ་རིག་པའི་གཞུང་ལུགས་སློབ་ཚན་གྱི་གྲས་སུ་མ་བརྩིས་པ་འདྲ་བོ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གནས་ཡོད་དུས། བོད་མིའི་མི་འབོར་ཙམ་མ་ཡིན་པར་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་ལ་བརྟེན་ནས་ཕན་ཐོགས་ཡོད་མཁན་གྱི་ནད་པ་ཚང་མར་བལྟ་དགོས་དུས་ནད་པའི་མི་འབོར་དེ་ཧ་ཅང་མང་པོ་རེད། དེར་བརྟེན། ང་ཚོ་གསོ་བ་རིག་པ་ལག་ལེན་བྱེད་མཁན་དང་། དེ་ལ་སློབ་གཉེར་བྱེད་མཁན་དེ་མང་པོ་ཞིག་དགོས་པ་རེད་མ་གཏོགས། བོད་མིའི་མི་འབོར་ལ་ལྟོས་པ་ཞིག་གིས་འགྲིག་གི་མེད་པ་རེད་”ཅེས་གསུངས་སོང་།
མཐར་ཁོང་གིས“་ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པ་ཉམས་ཆག་འགྲོ་བའི་རྐྱེན་མང་པོ་ཞིག་ཡོད་པའི་ནང་ནས། འགལ་རྐྱེན་ཆེ་ཤོས་དེ་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་རེད། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་གལ་འགང་ཆེ་བའི་རིག་པའི་གནས་མང་པོ་ཞིག་ཆུད་ཟོས་དང་ཉམས་ཆག་ལ་འགྲོ་གི་ཡོད་རེད། དེང་རབས་ཀྱི་སྨན་གྱི་ལམ་སྲོལ་ནང་ནད་པ་དེ་ཚོང་པ་ཆགས་ཡོད་རེད། ནད་པ་མེད་ན་སྨན་པ་ལྟོགས་ཤི་ཐེབས་ཀྱི་ཟེར་གྱི་ཡོད་རེད། གང་ལྟར་སྨན་དེ་སྨན་པའི་འཚོ་ཐབས་དང་། སྨན་སྤྲད་པ་དེ་ཚོང་གི་ངོ་བོ་ཆགས་ཡོད་རེད། དེར་བརྟེན། གོ་ལ་གཅིག་གྱུར་གྱི་ལམ་སྲོལ་འདིའི་ནང་ཚོང་ལས་ཆེ་ཤོས་ཤིག་འཕྲོད་བསྟེན་དང་སྨན་གྱི་གནས་སྟངས་དེ་རེད། སྤྱིར་བཏང་སྨན་གྱི་དམིགས་ཡུལ་དེ་ན་ཚ་མི་ཡོང་བ་དང་འཇིག་རྟེན་ལ་ནད་པ་མེད་པ་ཡོངས་ཐབས་དེ་རེད། དེར་བརྟེན། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་འདིའི་ནང་ནས། ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་དེ་དག་གནས་ཐུབ་ཡོང་ཆེད། ང་ཚོས་གཙོ་བོ་ག་རེ་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད་ཟེར་ན། ང་ཚོའི་བྱ་བ་དེ་ཚོང་ལས་ལ་མི་འགྱུར་བར་འབད་བརྩོན་གནང་དགོས་པ་དེ། རིག་གཞུང་གཅེས་སྐྱོང་ཐད་ཧ་ཅང་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་བོད་པའི་སྨན་དེ་ཡང་ཚོང་ལ་འགྲོ་རྒྱུའི་རྟགས་མཚན་གང་འཚམ་ཡོང་གི་འདུག ག་འདྲ་བྱས་ནས་རྒྱབ་ཤ་སྙིང་རྗེ་པོ་བཟོ་དགོས་ཀྱི་འདུག ག་འདྲ་བྱས་ནས་རི་མོ་ཡག་པོ་ཕབ་དགོས་ཀྱི་འདུག ག་འདྲ་བྱས་ནས་དྲིལ་བསྒྲགས་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་རེད་མ་གཏོགས། སྨན་སྦྱོང་སྟངས་དང་དེ་ཚོའི་ཐོག་ལ་དོ་སྣང་བྱེད་ཀྱི་ཡོད་མ་རེད། དེ་འདྲ་བྱེད་པ་ཡིན་ན། བོད་སྨན་གྱི་ཚོང་ཡག་པོ་ཡོང་མདོག་ཁ་པོ་རེད། ཡིན་ན་ཡང་བོད་ཀྱི་སྨན་གྱི་རིག་གནས་དེ་གནས་ཐུབ་པ་ཁག་པོ་རེད་བསམ་གྱི་ཡོད། འབྲེལ་ཡོད་ཚང་མས་དེའི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ལོ་༡༢༠༠ ལྷག་གི་རྗེས་སུ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་འདི་འདྲ་ཞིག་བསྐོང་ཐུབ་པ་གཟི་བརྗིད་ཆེན་པོ་ཡིན་སྐོར་དང་། དེ་བཞིན་དུ་བོད་ལུགས་ཀྱི་སྨན་དང་འབྲེལ་བའི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུའི་མཚམས་སུ་སླེབས་ཡོད་སྐོར་སོགས་བརྗོད་སོང་།
ཚོགས་ཆེན་འདི་ཉིན་གསུམ་གྱི་རིང་འཚོག་སྟེ་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་བརྗོད་གཞི་ཁག་ཅིག་གི་ཐོག་ལ་བགྲོ་གླེང་བྱ་རྒྱུ་རེད་འདུག
