དཔའ་བོ་ཚོ་ལ་ཕུལ།
ཚེ་སྲོག་གི་མེ་ལྕེ་མཆོད་སྟངས་དེས།།
ཤར་ཕྱོགས་ཙི་ནའི་ཡུལ་གྱི་གཤིན་རྗེ་ཡི་ཁ་རླངས།།
ཆོས་ལྡན་ཁ་བ་ཅན་གྱི་ཞིང་ས་ལ་ཕོགས་པས།།
འཚེ་མེད་ཞི་བདེའི་ལྗང་མྱུག་སྨག་སྨོག་ཏུ་སྒྱུར་དུས།།
གངས་རིའི་དཔའ་བོའི་ཚེ་སྲོག་བསྲེག་ཟ་ཡིས་བཅོམ་སོང་།།
འདས་སོང་མི་ལོ་ལྔ་བཅུའི་སྐྱོ་གར་གྱི་མེ་ལྕེ།།
མ་བཟོད་ཡ་ཆུང་སེམས་ཀྱི་གཏིང་རུམ་ནས་འབར་བས།།
དབྱིག་མཆོག་གསེར་ལས་འཕགས་པའི་ཚེ་སྲོག་གི་མཆོད་པ།།
བསླུ་མེད་མཆོག་གསུམ་སྤྱན་ལ་ལྷམ་ལྷམ་དུ་ཕུལ་སོང་།།
སྙིགས་མའི་རང་མཚང་བརྡོལ་བའི་ཉེར་གཅིག་གི་དུས་སུ།།
ཟོག་པོ་རླུང་རྟ་དར་བའི་ལྔ་བདོ་ཡི་ལོ་ཟླར།།
དྲང་དབང་སྐྱེས་བུའི་འདྲེན་བྱེད་གཡོ་རྫུན་གྱིེས་སླུ་དུས།།
གངས་རིའི་དཔའ་བོས་ཚེ་སྲོག་སྣང་གསལ་ལ་བསྒྲོན་སོང་།།
གཅིག་དགུ་ལྔ་དགུའི་ལོ་ཟླ་ནག་པོ་ནས་བཟུང་སྟེ།།
གངས་ཕྲུག་མེ་ལ་སྒྲོན་པའི་དེ་རིང་གི་དུས་བར།།
མཐོ་སྒང་ཕ་ས་དྲོན་མོ་དམྱལ་ཁམས་སུ་བསྐྲུན་པས།།
ཟླ་མེད་དཔའ་བོའི་ཚེ་སྲོག་བདེན་དཔང་དུ་ཕུལ་སོང་།།
རང་དབང་བ་དན་དཀར་པོ་དུད་སྨུགས་ཀྱིས་བཀབ་ཅིང་།།
འདྲ་མཉམ་འགྲོ་བའི་བདག་དབང་འཇའ་ཚོན་བཞིན་ཡལ་དུས།།
ཡུན་རིང་སྡུག་གིས་མནར་བའི་སྨྲེ་སྔགས་ཀྱི་འབོད་ཚིག།
རིན་ཆེན་སྲོག་གིས་བརྗེ་བའི་དཔའ་བོ་རྣམས་ཨེ་མ།།
རུལ་སུངས་གུང་ཁྲན་ཚང་གི་ཟློས་གར་གྱི་འོག་ཏུ།།
མ་ཡུམ་ཁ་བ་ཅན་གྱི་ཟུངས་ཁྲག་དེ་འཛད་དུས།།
ལ་ཞེན་དམ་བཅའ་ཟབ་མོ་སེམས་ཁོངས་སུ་བཅངས་ཏེ།།
གཅེས་སྲོག་བདེན་པར་བརྗེ་བའི་དཔའ་བོ་རྣམས་ཨེ་མ།།
སྐྱབས་མགོན་གསེར་ཞལ་དྲན་པའི་གདུངས་བ་ཡི་ཁུར་བོ།།
མ་བཅོས་ཡིད་ལ་བརྣགས་པའི་ལོ་ཟླ་ཡི་ཕྲེང་བར།།
དད་སེམས་རབ་ཏུ་དཀར་བའི་སེམས་ངོགས་ཀྱི་གདུང་འབོད།།
མེ་མདའི་སོ་ཁའི་འོག་ནས་སྒྲོག་པ་དེ་ཨེ་མ།།
གདུག་རྩུབ་ལས་ལ་གོམས་པའི་ཙི་ན་ཡི་རྗེ་བོས།།
ཆོས་ལྡན་ཁ་བའི་ཞིང་ཁམས་ཁྲག་ཐིགས་ཀྱིས་ནོགས་དུས།།
ཉ་གང་དུང་ཟླ་དཀར་པོའི་འོད་སྣང་ལ་སྒུག་པའི།།
མ་ཡུམ་ས་ལའི་ལྗོངས་ཀྱི་སྤུན་ཟླ་རྣམས་ཀྱེ་མ།།
ཐུབ་བསྟན་སྲོག་ལྟར་འཛིན་པའི་གངས་རི་ཡི་དཔའ་བོས།།
སྐུ་ལུས་མེ་ལྷ་དམར་པོའི་ཞལ་དཀྱིལ་དུ་བསྟབས་ཏེ།།
རྒྱ་འདྲེ་གུང་ཁྲན་སྲིན་མོར་གཡུལ་འཐབ་རེ་བྱེད་དུས།།
ཡབ་མེས་སྲོན་བཙན་སྒམ་པོའི་དཔའ་རྟགས་ལ་འགྲན་སོང་།།
ས་མཐའི་སྐྱོ་གར་མྱོང་བའི་ཡུལ་གྱར་གྱི་སྤུན་ཟླས།།
འདྲ་མཉམ་བདེན་པའི་རྒྱབ་ལངས་རྒྱལ་ཚོགས་ཀྱི་མདུན་ན།།
གངས་རིའི་དཔའ་བོ་དཔའ་མོའི་དཀའ་སྡུག་དེ་སྒྲོག་གིན།།
ཡངས་པའི་གོ་ལ་བདེན་པའི་འབོད་སྒྲ་ཡིས་བསླངས་སོང་།།
ཟ་རྔམ་གདོན་གྱིས་མྱོས་པའི་དགྲ་དམར་གྱིས་འདྲེ་ལག།
ཕ་ཡུལ་གངས་ཅན་ལྗོངས་ཀྱི་ལྟེ་བ་རུ་བརྐྱངས་ཏེ།།
བྲག་སྲིན་བུ་ཚ་སྟོང་གི་རང་དབང་དེ་འཕྲོག་དུས།།
ཞུམ་མེད་དགྲ་ལ་བརྒོལ་བའི་དཔའ་བརྟུལ་ཚོ་ཨེ་མ།།
སྲིད་པའི་གངས་རི་དཀར་པའི་མཛེས་སྡུག་ལ་ཞེན་པའི།།
ཤར་གྱི་ཟླ་བ་ནག་པོས་མཁའ་དབྱིངས་ལ་འཕྱན་ནས།།
ནོར་ལྡན་ཁ་བ་ཅན་གྱི་ལང་ཚོ་དེ་འཇོམས་དུས།།
ཁྱེད་ཅག་གངས་ལྗོངས་སྐྱོབ་པའི་དཔའ་བོ་རུ་བཞེངས་བྱུང་།
དམ་པའི་ཆོས་སྡེ་བན་དེའི་བཙོན་ཁང་དུ་བསྐྲུན་ཅིང་།།
རྩྭ་ཐང་འབྲོག་མོའི་ལས་དབང་ཁྲོམ་ར་ལ་འགྲིམ་དུས།།
ཁྱེད་ཀྱིས་གཅེས་སྲོག་བཟང་པོའི་འགྲོ་འགྲོན་ཞིག་བཏང་སྟེ།།
ཕ་ཡུལ་འཆི་བདག་རྒྱལ་པོའི་སོ་ཁ་ནས་བསྐྱབས་བྱུང་།།
བསྟན་པའི་དོན་དུ་ཚེ་སྲོག་འབུལ་བ་ལ་བསམས་ན།།
ས་གནས་བྱང་སེམས་རྣམས་ཀྱང་སྤྱན་མིག་རེ་བགྲད་བྱུང་།།
རྒྱལ་ཞེན་ལ་རྒྱ་ཟབ་པའི་སྤྱོད་ཚུལ་ལ་བསམས་ན།།
བདག་གི་དམར་ཆུང་སེམས་ལ་བཞུད་ལམ་ཞིག་སྩལ་བྱུང་།།
གངས་རིའི་ལྷ་སྐལ་ཕྱག་ན་པདྨོ་ཡི་སྤྱན་ཟུང་།།
ནམ་ཡང་གཡོ་མེད་གངས་ཕྲུག་ལས་དབང་ལ་གཟིགས་ཐལ།།
ཤུལ་ལུས་སྤུན་ཟླ་ཁྲི་མ་འབུམ་ཕྲག་གི་སེམས་པ།།
ཁྱེད་ཀྱི་རྣམ་ཤེས་ཕྲ་མོར་སྐྱེལ་མ་ལབརྩོན་ཐལ།།
སྤྲེལ་སྲིན་ཨ་མས་བསྐྱངས་པའི་དཔའ་བོ་དང་དཔའ་མོ།།
ཁྱེད་རྣམས་ཕྱི་མའི་ཡུལ་ལ་བདེ་བ་རུ་ཕེབས་ཤིག།
འདི་ནས་ལས་དབང་གཅིག་པའི་ཁ་བ་ཡི་བུ་ཚས།།
ཁྱེད་ཀྱི་རེ་བའི་ཕུང་པོ་དབྱིག་མཆོག་བཞིན་སྲུང་ཡོད།།