རྒྱ་ནག་པས་བོད་ཕྲུག་གི་མིང་འདོགས་ལུགས་ལའང་དམ་བསྒྲགས་བྱས་པ།།

རྒྱ་དོགས་པས་ཕུང་ཟེར་བ་ཅི་ལ་མི་བདེན་ནམ།  དེང་སང་རྒྱ་ནག་རྒྱལ་ཁབ་ནི་འཛམ་གླིང་ཐོག་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་མོད།  ང་ཚོ་བོད་པ་སྟེ། རྒྱ་ནག་གིས་ཐུབ་ཚོད་བྱས་ཆོག་ཆོག་དང་ཧམ་ཟ་བྱས་ཟིན་པའི་མི་རིགས་འདིའི་མིག་གིས་ལྟ་སྟངས་རེ་རེ་ལའང་རྒྱ་ནག་པས་དོགས་བཟོན་དང་གཟབ་ནན་བྱེད་དགོས་པའི་གནས་སུ་གྱར་བ་དེས་ཀྱང་བདེན་པའི་འོད་སྣང་གི་མཚོན་རྟགས་མངོན་པ་མ་ཡིན་ནམ།

  དེང་སང་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་ལ་བོད་ཕྲུག་གི་མིང་འདོགས་ལུགས་ཚུན་ཆད་ལ་རྒྱ་ནག་པ་རྣམ་རྟོག་སྐྱེས་ཏེ།  བོད་ཕྲུག་གི་མིང་ལ་བསྟན་འཛིན་ཞེས་བཏགས་ཡོད་ན།  ཕྲུ་གུ་དེ་ཐེམ་ཐོའི་ནང་མི་འཇུག་པ་དང་སློབ་གྲྭ་ལ་ཞུགས་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་འདུག         དེ་ནི་ཕྱོགས་གཅིག་ནས་གཞིས་ལུས་བོད་མི་རྣམས་ལ་རྒྱ་ནག་གིས་འཛིན་པའི་སྲིད་བྱུས་དང་།  བོད་མི་རྣམས་རང་དབང་གཏན་ནས་མེད་པའི་རྟགས་མཚན་གསལ་ལེར་བསྟན་པའི་དཔང་རྟགས་ཤིག་རེད་ལ།  ཕྱོགས་གཅིག་ནས་རྒྱ་ནག་གི་ཧ་ཅང་བྱབ་ཆུང་བའི་བྱེད་བབ་དང་རྣམ་རྟོག་གི་གདོང་རིས་ངོ་མ་དེ་དག་རེ་རེ་བཞིན་སྟོན་པ་དང་གཉིས་སུ་མ་མཆིས།   གལ་ཏེ།  རྒྱ་ནག་པས་བསྐྲུན་པའི་འཆམ་མཐུན་དང་།  བག་ཕེབས།  ཞི་མཐུན་བཅས་ཀྱི་བོད་ཡུལ་ཞིག་ཡོད་ན།  རྒྱ་ནག་པ་དོན་མེད་དུ་རྣམ་རྟོག་དེ་དག་བྱེད་དགོས་དོན་མེད་ལ།  མིང་ལ་བསྟན་འཛིན་ཟེར་བ་ཞིག་བཏགས་པས་རྒྱ་ནག་པ་ལ་ཕན་གནོད་གང་ཡང་མེད།  འོན་ཀྱང་རྣམ་རྟོག་གི་རྒྱ་ལས་མ་གྲོལ་བའི་རྒྱ་ནག་པས་བྱེད་སྟངས་དེ་ནི་ཆེད་མངག་བོད་མིའི་སེམས་ཁམས་དཀྲུགས་པ་ཞིག་དང་།  ཁོ་བ་ཚོས་བོད་མིར་སྡང་བའི་གདོང་རིས་ངོ་མ་དེ་ཕྱིར་སྟོན་བྱས་པ་རང་རེད་འདུག  དེང་སང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་ཟེར་བའི་ལས་འགུལ་ནང་བོད་ཡུལ་དུ་དྲག་དམག་མང་དུ་བཏང་བ་དང་དགོན་སྡེ་ཁག་ལ་ཧ་ཅང་ཚ་ནན་དང་དམ་བསྒྲགས་བྱེད་ཀྱིན་པ་འདིས།  དོན་དངོས་སུ་རྒྱ་ནག་ན་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གང་ཡང་མེད་པ་མཐོང་ཐུབ་ལ།  རྒྱ་ནག་གི་ཁྲིམས་འོག་ཏུ་འཚོ་བཞིན་པའི་མི་མང་དེ་དག་གིས་ནམ་ཡིན་ཡང་རྒྱ་ནག་པ་ལ་ངོ་རྒོལ་བྱེད་བཞིན་པ་དང་རྒྱ་ནག་གི་དྲང་བདེན་མིན་པའི་སྤྱོད་ཚུལ་ཐེར་འདོན་བྱེད་པའི་གནས་བབ་མངོན་ཐུབ་པ་ཞིག་རེད།  རྒྱུ་མཚན་དེའི་ཕྱིར་ན།  མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་དེ་དག་དཔའ་འབྱོར་གྱི་བསླུ་བྲིད་འོག་ཏུ་ཚུད་མེད་ན།  རྒྱ་ནག་གིས་ད་ལྟའི་བྱེད་བབ་ལས་རྒྱ་ནག་པའི་ཁྲིམས་འོག་ཏུ་གནས་པའི་མི་རིགས་དེ་དག་ལ་དྲང་བདེན་གྱི་ཐོབ་དང་རང་དབང་གང་ཡང་མེད་པ་མཐོང་ཐུབ་ངེས་རེད།།