བདེན་པའི་མེ་ལྕེ་བརྒྱུད་བོད་དོན་ར་སྤྲོད་བྱས་ཡོད།
བོད་ཀྱི་བདེན་པའི་མེ་ལྕེའི་ལས་འགུལ་དེ་ཟླ་གཉིས་ཀྱི་རིང་ཡུ་རོབ་རྒྱལ་ཁབ་ཉེར་གསུམ་བརྒྱུད་སྐོར་བསྐྱོད་བྱས་ཏེ། ཟླ་འདིའི་ཚེས་༡ ཉིན་ སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་འབྱོར་ཡོད་པ་རེད།
དེ་ཡང་ས་གནས་ནས་ཀླུ་རྒྱལ་དོན་གྲུབ་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༡ དགོང་མོ་དེར། སུད་སིའི་གྲོང་ཁྱེར་འཛུ་རིག་གྲོང་ཁྱེར་དུ་ Bürkliplaz ཞེས་པའི་མཚོ་འགྲམ་གྱི་དངུལ་ཁང་ཆེན་མོའི་མདུན་ཐང་དུ་བོད་མི་བདུན་བརྒྱ་ཡས་མས་ཤིག་གིས་བདེན་པའི་མེ་ལྕེ་བསུ་བ་བྱས་པ་དང་། སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱིས་བདེན་པའི་མེ་ལྕེ་དང་འབྲེལ་བའི་གསུངས་བཤད་གནང་སྐབས། བདེན་པའི་མེ་ལྕེ་འདི་བཞིན་ད་ལྟའི་བར་དུ་ཟླ་གཉིས་ཀྱི་རིང་ལ་ཡུ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་ཉེར་གསུམ་གྱི་ནང་དུ་བསྐོར་སྐྱོད་བྱས་ཡོད། བསྐོར་ཟིན་པའི་རྒྱལ་ཁབ་དག་གི་ནང་དུ་བོད་པ་ཡོད་ས་དང་མེད་ས་གཉིས་ཀར། སྐོར་བསྐྱོད་བྱས་ཏེ། བོད་པའི་ངོ་བོ་བརྡ་འཕྲོད་ཡོད་སྐོར་དང་། བོད་པ་ཟེར་བ་གོ་མྱོང་མེད་པའི་རྒྱལ་ཁབ་ཀྱང་ཁ་ཤས་འདུག་པ་དེ་དག་གི་ནང་དུ་ཡག་པོ་ཞེ་དྲག་བྱུང་སོང་ཡོད་སྐོར། དེ་བས་ད་ལྟའི་བདེན་པའི་མེ་ལྕེ་འདི་བརྒྱུད་བོད་ཀྱི་ཡ་ང་བའི་གནས་ཚུལ་ཡུ་རོབ་ཏུ་འགྲེལ་བཤད་གསལ་བོ་རྒྱག་ཐུབ་བྱུང་ཡོད་སྐོར་གསུངས་སོང་།
ཁོང་གིས། བོད་ནང་དུ་བོད་མི་ཚོས་བོད་དོན་ཐད་རང་སྲོག་བློས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཐུབ་ཀྱི་ཡོད་པ་དེ་དངོས་གནས་སྤོབས་བ་སྐྱེས་དགོས་པ་ཞིག་རེད་བསམ་གྱི་འདུག ཞོར་དུ་ང་རང་ཚོ་བོད་ཕྱི་རུ་སྡོད་མཁན་རྣམས་ཀྱིས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་ངོས་ཟིན་དགོས་པ་རེད། བོད་དོན་ཐད་ལས་འགུལ་གང་ཞིག་སྤེལ་བ་དེར་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སུད་སིའི་གཞུང་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་གི་ཡོད་མོད། འོན་ཀྱང་ནུས་པ་ཐོན་པའི་རྒྱབ་སྐྱོར་ཞིག་ཡོང་ཐུབ་ཀྱི་མེད་པ་དེར་མ་འོངས་རྒྱབ་སྐྱོར་ཚད་ལྡན་ཞིག་ཡོང་ཐུབ་པའི་ཡིད་ཆེས་ཡོད་ལ། རེ་བ་ཡང་ཡོད་ཅེས་གསུངས་སོང་།
ཁོང་གིས། ཡུ་རོབ་ཏུ་གནས་ཚུལ་གསར་པ་ཞིག་ནི་བོད་དང་འབྲེལ་བའི་ཆོས་ཚོགས་གང་མང་ཞིག་བཙུགས་འདུག་ལ། ཚོགས་པ་དེ་དག་གི་ནང་དུ་བདེན་པའི་མེ་ལྕེ་འགྲོ་དུས་ཁོང་ཚོས་འདི་ནི་ཆབ་སྲིད་དང་འབྲེལ་བ་འདུག་ཟེར་ནས་ང་ཚོར་རོགས་རམ་མི་བྱེད་པ་མ་ཟད། བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་སོང་བར་བློ་ཕམ་ཞེ་དྲགས་སྐྱེས་སོང་། ༧རྒྱལ་བ་རིན་པོ་ཆེ་ཡུ་རོབ་ཏུ་ཕེབས་དུས་སུ་ཚོགས་པ་འདིའི་རིགས་ཀྱི་བོད་དོན་རྒྱབ་སྐྱོར་ཡོད་ཚུལ་གྱི་སྐུ་མདུན་དུ་བཅར་གང་ཐུབ་བྱེད་ཀྱི་ཡོད་པ་རེད། དེ་བས ང་རང་ཚོ་སུ་ཡིན་རུང་འདིའི་རིགས་ལ་དོ་སྣང་དང་གཟབ་གཟབ་བྱེད་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་སོང་།
དེ་རྗེས་སུད་སིའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་(Socialist Party) སྤྱི་མཐུས་མཱ་ཁྲེན་ནེས་བྷི་ཡིས་བོད་ཀྱི་ད་ལྟའི་གནས་སྟངས་ཐད་ལ་ཁོང་ཚོར་སེམས་ཁྲལ་ཡོད་སྐོར་དང་། མ་འོངས་པ་ཡིན་ན་ཡང་བོད་དོན་གྱི་ཐད་རྒྱབ་སྐྱོར་མུ་མཐུད་ནས་ཡོད་སྐོར་བརྗོད་སོང་།
དེ་ནས་གཞུང་འབྲེལ་མིན་པའི་ཚོགས་པ་སོ་སོ་བྱས་ནས་བོད་ཀྱི་གནས་སྟངས་འབྲེལ་ཚོགས་པའི་ངོས་ནས་གསུངས་བཤད་གནང་སོང་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མས་གཅིག་གྱུར་གྱི་འབོད་སྐུལ་ནི་ཕྱི་སྡོད་བོད་མིའི་མ་འོངས་པའི་བོད་དོན་ཐག་དོ་སྣང་ཡོང་དགོས་ཚུལ་དང་། ཕྱི་སྡོད་བོད་མི་ཚོར་སྔོན་དང་མ་འདྲ་བའི་མཐུན་སྒྲིལ་དགོས་སྐོར་གསུངས་སོང་།
མཇུག་མཐར་རི་ཀོང་དགོན་གྱི་དགེ་འདུན་པ་གཙོས་དེར་འདུས་ཀྱི་བོད་མི་རྣམས་ནས་བདེན་ཚིག་སྨོན་ལམ་གྱི་དབྱངས་རྟ་དང་འབྲེལ་ཉིན་དེའི་ལས་འགུལ་མཇུག་བསྡུས་སོང་།