རང་སྐྱོང་གི་གནས་བབ་རྩོད་རྒྱུའི་ཆོད་སེམས་ཆེ་རུ་འགྲོ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཇི་ཙམ་ཆེ་རུ་གཏོང་བ་དེ་ཚོད་ཀྱིས། བོད་མི་རྣམས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་རྒྱུའི་ཆོད་སེམས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་ཉི་ཧོང་དུ་གསུངས་ཡོད་པ་རེད་འདུག

དེ་ཡང་ཉིན་འདི་གར་༧གོང་ས་མཆོག་ཉི་ཧོང་ལ་ཆིབས་སྒྱུར་བསྐྱངས་ཏེ། ཉི་ཧོང་གི་ནང་པ་ཚོར་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་གནང་བ་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༥ ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་ཚོགས་ཁང་དུ་མང་ཚོགས་ལ་བཀའ་སློབ་གནང་སྐབས། ཁོང་གིས“་རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་ཀྱི་ཐོག་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་མ་གཏོགས། དེ་ལས་ལྡོག་སྟེ་དངོས་ཡོད་གནས་ཚུལ་དང་མ་འཚམ་པའི་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས་བོད་མིའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་གང་ཡང་མེད། བོད་མི་རྣམས་ཀྱིས་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་དཀའ་སྡུག་ཧ་ཅང་མྱངས་ཡོད་”ཅེས་དང་།

ཡང་ཁོང་གིས“་ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་ཀྱིས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། ལར་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཇི་ཙམ་ཆེ་རུ་གཏོང་བ་དེ་ཚོད་ཀྱིས། བོད་མི་རྣམས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་རྒྱུའི་ཆོད་སེམས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རྒྱ་ནག་གི་དཔོན་རིགས་ཚོར་བརྡ་ལན་གསལ་པོ་སྤྲད་ཡོད་ཅེས་”བཀའ་གནང་ཡོད་འདུག