མཐོང་ཐོས།
ནོར་གླིང་དུ་བསྐྱོད་པའི་མཐོང་བ།
ལྷིང་འཇགས་དབེན་པའི་ཁོར་ཡུག་དེ་ན།།
རང་དབང་དབེན་པའི་གངས་ཕྲུག་ཁྱུ་ཞིག།།
བཅོས་མའི་ཟོལ་གྱི་འཛུམ་མདངས་འོག་ནས།།
རང་གིས་རང་ལ་བསླུ་བྲིད་བྱེད་ཀྱི།།
རང་ལ་དབང་བའི་ས་ཡི་ཆ་ཤས།།
སྦར་མོ་སྒོར་མོའི་མཐིལ་ཙམ་མེད་ཀྱང་།།
བག་མེད་རྩེད་དགའི་གནས་ལ་གཡེང་སྟེ།།
མི་ཚེའི་རིན་ཐང་རླུང་ལ་སྐུར་གྱི།།
རང་རིགས་ལ་རྒྱ་སེམས་ལ་བཟུང་སྟེ།།
ཁ་བརྡ་ཚིག་གསུམ་ཤོད་དུ་ཕྱིན་པས།།
ཆོས་དང་འཇིག་རྟེན་ཁ་ཁ་ཡིན་པས།།
ཁྱོད་རང་བྱུས་གཏོགས་མི་འདུག་ཟེར་གྱི།།
ཆང་རག་སྐྱུར་མོའི་བཙན་འཁྲིད་འོག་ནས།།
ཉིན་རེའི་འཚོ་བ་འཁྱོལ་ཐབས་བྱེད་ཀྱིན།།
ཤོ་འབག་རྩེ་མོའི་དགོད་སྒྲའི་ཁྲོད་དུ།།
ཧིན་སྒོར་སྔོ་པོའི་གར་བྲོ་འཁྲབ་ཀྱི།།
ཕ་ས་ཤོར་བའི་མྱ་ངན་ཞིག་གིས།།
སེམས་ཀྱི་ཞིང་ས་སྡུག་གིས་ཁེངས་སོང་།།
ས་མཐའི་སྤུན་ཟླའི་སྤྱོད་ཚུལ་མཐོང་དུས།།
དམར་ཆུང་སེམས་པ་ཕམ་ཁས་བརླན་བྱུང་།།