སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་འཁྲུངས་སྐར།
ཟླ་འདིའི་ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ། ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དགུང་གྲངས་༦༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
དེ་ཡང་ཉིན་དེའི་ཞོགས་པ་གདན་ས་གྲྭ་ཚང་ཁག་དང་བཙུན་དགོན་བཅས་སུ་ཡོད་པའི་ཁམས་ལི་ཐང་གིས་ཅོ་སེར་གཉིས་ཀ་མོན་གྷོ་ཌི་ནོར་བུ་རི་རྩེར་འཚོགས་པ་དང་། སྤྲུལ་སྐུ་བཙོན་གྲོལ་ཐོབ་ཆེད་དུ་དང་། སྐུའི་ཞབས་རིམ་གསོག་སྒྲུབ། བསང་གསོལ་དང་རླུང་རྟ་བསྒྲེངས་འཛུགས་སོགས་ཀྱི་ལས་རིམ་གྲུབ་པ་དང་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། སྤྱིར་བཏང་འཁྲུངས་སྐར་ཟེར་བ་དེ་ནང་མི་སྤུན་མཆེད་དང་དགའ་ཉེ་གྲོགས་པོ་སོགས་མཉམ་འཛོམས་བྱས་ནས་དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་རང་ཚོའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པའི་སྐྱེས་མཆོག་འདིའི་སྐུའི་གནས་སྟངས་ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་གསང་བ་དང་དྲི་བའི་ངོ་བོར་གནས་བསྡད་ཡོད་པས། དེ་རིང་ང་ཚོའི་སེམས་ནང་ན་སྤྲོ་སྣང་ཡོད་པ་མ་རེད་ལ། ངོ་གདོང་ན་འཛུམ་མདངས་ཡོད་པ་མ་རེད། དེ་ལྟ་བུའི་ཡིད་སྐྱོའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ཡིན་ནའང། ང་ཚོའི་སེམས་ནང་ན་སྤོབས་པ་དང་རེ་བའི་ཁེངས་ནས་འཁྲུངས་སྐར་འདི་སྲུང་བརྩི་བྱེད་བཞིན་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།
སྤྲུལ་སྐུ་རབ་བརྟན་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ངོ་སྤྲོད་དེབ་ཆུང་ཞིག་བཏོན་ཡོད་པ་དང་། དེའི་ནང་ནང་ ཁོང་གིས་བོད་གངས་ཅན་གྱི་ཆེད་དུ་མཛད་པའི་རླབས་ཆེན་གྱི་འདུ་ཤེས་གསུམ་གྱི་དང་པོ། ཐོག་མའི་སེམས་བསྐྱེད། བར་གྱི་འདུ་ཤེས། མཐའ་མའི་ཕུགས་རེ་ཟེར་བ་འདི་གསུམ་དེ་རེད་ཅེས་ངོ་སྤྲོད་གནང་འདུག
དེ་རྗེས་སུ་ལི་ཐང་སྤྲུལ་སྐུ་རབ་བརྟན་ལགས་ཀྱིས་འཁྲུངས་སྐར་སྲུང་རྩི་དང་འབྲེལ་བའི་གསུང་བཤད་གནང་དོན། ༡༩༥༠ ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་བལྟམས་ཡོད་པ་རེད། ཡིན་ན་ཡང་ཁོང་ལ་རྒྱ་གཞུང་གིས་མ་ཉེས་ཁ་ཡོག་བྱས་ནས་འཛིན་བཟུང་བཙོན་འཇུགས་བྱས་སོང་བ་རེད། ད་ང་ཚོའི་ག་རེ་བྱེད་དགོས་པ་རེད་ཟེར་ན་དམིགས་བསལ་ཆབ་སྲིད་ཀྱི་སྒང་ནས་ཕྱག་ལས་གནང་མ་ཐུབ་རུང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་མཚོན་ན། ༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད་བསྒྲུབ་མཁན་ཞིག་ཡིན་པས། ཁོང་གིས་བཀའ་སློབ་ལམ་སྟོན་དངོས་སུ་ཐོབ་མེད་ན་ཡང་། ང་ཚོའི་ངོས་ནས་ཁོང་གིས་ཕུགས་རེ་བཞིན་༧གོང་ས་མཆོག་གིས་ཅི་གསུངས་བཀའ་བསྒྲུབ་དང་། དགོན་པ་གྲྭ་ཚང་གིས་ཁྲིམས་དང་སྒྲིག་ལམ་སོགས་རྩི་སྲུང་དང་ལེན་ཐོག་ཐོས་བསམ་མཐར་ཕྱིན་བྱེད་དགོས་པ་དེ་རེད་ལ་། སོ་སོའི་སྐབས་སུ་བབ་པའི་འོས་འགན་ཉག་གཅིག་དེ་ཡང་དེ་རེད། མ་འོངས་པར་བོད་གངས་ཅན་གྱི་ལྗོངས་སུ་བདེ་སྐྱིད་ཀྱི་ཉི་མ་ཤར་ནས་ཁོང་གིས་ཞལ་མཇལ་གསུང་ཐོས་ཐུབ་པའི་ཉི་མ་ཞིག་ཏན་ཏན་ཤར་གྱི་ཡོད་རེད་དྲན་གྱི་འདུག། དེའི་སྐབས་སུ་མགོ་སྒུར་ནས་མཇལ་མི་དགོས་པ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
སྒོ་མང་ཕྱག་མཛོད་དགེ་བཤེས་ཚེ་རིང་ཕུན་ཚོགས་ཀྱིས་འཁྲུངས་སྐར་དང་འབྲེལ་གསུང་བཤད་གནང་དོན། ཐོག་མར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་དུ་བཟུང་བ་ནས་ད་ལྟའི་བར་དུ་ང་རང་ཚོས་ཞབས་རིམ་རྒྱུན་མ་ཆད་པར་ཉིན་རྟག་པར་འཚོགས་ཐུབ་ཡོད་པ་དེ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སྤྱིར་བཏང་རིན་པོ་ཆེའི་མཛད་རྣམ་ཚང་མའི་མཁྱེན་གསལ་རེད ཕྱི་ལོ༢༠༠༢ ཟླ་༤ ཚེས་༧ ཉིན་རྒྱ་གཞུང་གིས་མ་ཉེས་ཁ་ཡོག་བྱས་ནས་འཛིན་བཟུང་བཙོན་འཇུགས་བྱས་པ་རེད། རྒྱ་གཞུང་གིས་དུས་རྒྱུན་ཆབ་སྲིད་བཙོན་པ་དེ་ཚོར་མ་ཉེས་ཁ་ཡོག་བྱེད་སྟངས་ཤིག་ཡོད་པ་རེད། ཁོང་ཚོར་རྒྱལ་ཁབ་ཁ་བྲལ་དང་། དེའི་ངན་བསྐུལ། ཡིག་ཆ་འགྲེམས་བཀྲམ་བྱས་པ་རེད་ཟེར་བ་སོགས་ཀྱི་ཉེས་མིང་གི་འོག་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། རིན་པོ་ཆེ་ལ་མཚོན་ན་དེ་ལས་ཚབས་ཆེན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་རེད། ཨ་རིའི་དགུ་བཅུ་གཅིག་གི་དོན་སྐྱེན་བྱུང་རྗེས་ནས་འཛམ་གླིང་གིས་འཇིགས་སྐུལ་རིང་ལུགས་པ་ཟེར་ན་ཞེད་སྣང་དང་སྡང་ཟུག་བྱེད་ཀྱི་ཡོད་པའི་གོ་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་འབར་རྫས་གས་གཏོར་རམ་འཇིགས་སྐུལ་རང་ལུགས་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་སོང་བ་ཞིག་རེད། དེའི་དམིགས་དེ་ཡང་གནས་སྐབས་ཀྱི་འཛིན་བཟུང་བཙོན་འཇུགས་དང་མཛད་འཕྲིན་བཀག་འགོག་བྱེད་ཆེད་ཙམ་རྩ་བ་ནས་མིན་པར་རིན་པོ་ཆེ་རྩ་མེད་བཟོ་རྒྱུའི་ངན་འཆར་འཐེན་ཡོད་པ་གསལ་པོ་རེད། ཡིན་ན་ཡང་བོད་ཕྱི་ལོགས་དང་རྒྱལ་སྤྱིའི་ཐོག་ཁོང་གློད་བཀྲོལ་ཡོང་བའི་ཆེད་དུ་ལས་འགུལ་གང་མང་ཞིག་སྤེལ་བར་བརྟེན། ཁོང་གི་སྐུ་སྲོག་མ་ཤོར་ཙམ་བྱུང་ཡོད་པ་རེད་ཅེས་གསུངས་སོང་། །
མོན་གྷོ་གསར་འགོད་པས།
