༄༅།། སྟོན་འཇུག་གི་ཚོར་བ།

མཚན་གུང་ངུ་སྐད་ཤོར་བའི་དུས་ཚིགས་ཤིག་ལ།། 

མི་བུ་ཁེར་རྐྱང་འདི་ཡི་སེམས་ཀྱི་གློག་བརྙན།། 

ལྷིང་འཇགས་ལྡན་པའི་མཚོན་མདོག་རྨི་ལམ་ཞིང་ནས།། 

འཆར་བའི་སྣང་བརྙན་གསོན་པོ་ད་དུང་ཡལ་མེད།། 

 

 

ངེས་འབྱུང་དབྱངས་རྟའི་ཁྲོད་ནས་སྐྱོ་གླུ་ཐར་ཐོར།།

གདོང་གི་རྣམ་འགྱུར་ཤི་བོའི་ཕྱི་མིག་ཁྲོད་ན།།

ཁ་ཆག་སྣ་རལ་སོང་བའི་ལོ་ཟླ་རེ་རེ།།

 ལམ་ཆེན་བཞི་མདོ་འདི་ནས་སེམས་ལ་ལྷུང་སོང་།།

 

མི་འགྲིག་མི་ཆོག་ལབ་པའི་ལྐོག་ཤུབ་མང་པོའི།།

 རང་སེམས་སྡུག་ལ་སྦྱར་བའི་ཁྲག་ཡིག་དམར་པོ།།

སྣ་ཚོགས་སྐྱོ་སྣང་ཁྲོད་ནས་སེམས་ལ་གཟན་ཡང་།།

 རང་སྡུག་རང་གིས་མི་ཁུར་ཐབས་མེད་ལོས་ཡོན།།

 

མྱ་ངན་བྱེ་མའི་ཐང་གི་སུན་སྣང་གྲངས་མེད།།

རྫོགས་མེད་སེམས་ན་འཕྱུར་བའི་ལོ་ཟླ་རེ་རེ།།

བཅོས་མིན་སེམས་ཀྱི་གསང་ནས་ཡང་ཡང་གདུ་སྐབས།།

སྐྱོ་སྣང་དམར་རྗེན་རང་གཟུགས་ཐེར་འདོད་བྱེད་སྙིང་།།

 

ལྗོན་ཤིང་ལོ་འདབ་མང་སའི་གྲུ་ཁ་ཞིག་ནས།། 

ཆར་པ་ཤག་ཤག་འཇོ་སའི་རི་ལུང་འདི་ནས།།

སྨུག་སྤྲིན་བང་རིམ་བརྩེགས་སའི་གཡའ་བྲག་འགྲམ་ནས།། 

བསེར་རླུང་ལྷབ་ལྷབ་བསྐྱོད་པའི་སྟོན་འཇུག་བསླེབས་སོང་།།

 

གདོང་གི་འཛུམ་ཆུང་ཡལ་བའི་དུས་ཚིགས་བསླེབས་སོང་།།

ཡུལ་ལུང་ཙག་གིས་བསྡམས་པའི་གྲང་རླུང་ལྡང་བྱུང་།།
 མེ་ལྕེའི་དྲོད་ཁོལ་དྲན་པའི་ལོ་འཇུག་དེ་ལ།།
བདག་སེམས་སྐྱོ་བའི་ཁེངས་བའི་མིག་ཆུ་ཤོར་སོང་།།

 

དབྱར་གྱི་ལྗང་མདོག་ཡལ་བའི་དགུན་དུས་བསླེབས་སོང་།།

སྐྱ་མདོག་རི་ལུང་ཁེངས་པའི་གྲང་རེག་ཁྲོད་ནས།། 

འགྱུར་འགྲོའི་འཇིག་རྟེན་འདི་ཡི་རང་མདོག་མཐོང་སྐབས།། 

རང་སེམས་ཁ་བའི་གཡོགས་པའི་བདག་སེམས་སྐྱོ་སོང་།།


བྱ་སྤུ་རླུང་གི་བསྐྱོད་འདྲའི་བུ་ངའི་སེམས་པ།།

དུས་བཞིའི་འགྱུར་འགྲོའི་ཁྲོད་ན་རྟག་བརྟན་མེད་པར།།

མི་ཚེ་ཐུང་ཐུང་འདི་ལ་ལོ་རྒྱུས་མང་པོ།།

ཤི་རྗེས་གླེང་མཁན་མེད་པའི་བུ་ང་སྐྱོ་སོང་།།


 ཐག་རིང་རི་ཆུ་འགྲིམས་པའི་དཀའ་སྡུག་གྲངས་མེད།།

སེམས་གཅོང་དགུན་ཆུ་གྲང་མོའི་ན་ཟུག་སྦྱིན་སྐབས།།

རང་ཉིད་གཅིག་པུར་འདི་ཡིས་འཁྱེར་པ་མ་གཏོག།

གཞན་གྱི་གོ་བ་མི་ལེན་རང་གིས་མྱོང་དགོས།།

སྐར་ཚོགས་ཁྱིམ་གཞིའི་ཁྲོད་ནས་འདོད་རྔམ་འཕྱོ་ཡང་།།

ཞེ་སྡང་ལྷབ་ལྷབ་འབར་བའི་རུས་རྐང་གཟེར་ཀྱང་།།

 རང་སྡུག་རང་གིས་ཉོ་པ་སེམས་ལ་མ་དྲན།།

ད་ཆ་རྒྱུས་མེད་འདི་ནས་ཁེར་རྐྱང་འཁུམས་སོང་།།


བདེན་དོན་གནས་ལུགས་དོན་གྱི་ངོ་བོ་མ་རྟོག།།

མཐའ་མེད་གཡང་སར་མཆོང་བའི་ཁེར་རྐྱང་བུ་ང་།།

གསར་བྱུང་གསར་བའི་ཤེས་བྱ་རྒྱང་ཐག་རིང་བ།།

སེམས་རྩ་མེ་ལྕེས་བསྲེགས་པའི་བུ་ང་སྐྱོ་སོང་།།


མདོ་དབུས་མཐོ་སྒང་རི་ཁུག་རྒྱང་དུ་བཞག་སྟེ།།

ཚེ་སྲོག་གཏའ་མར་བཞག་བཞིན་རྒྱང་ལ་བཞུད་དེ།། 

གསེར་ལྗོངས་འབྲོང་སྲས་འབོད་པའི་ཁེར་རྐྱང་བུ་ང་།།

དེ་རིང་གདུང་དབྱངས་གྲང་མོའི་ཁྲོད་ན་འཚོ་ཡོད།།

རྡ་སའི་ལྗོན་ཤིང་ནགས་མའི་བུས་མཐའ་འདི་ན།།

དྲན་གདུང་མིག་ཆུ་གྲང་མོ་ཤམ་ཤམ་བཞུར་བཞིན།།

གསེར་རྟའི་བསོད་མིང་བདག་གི་སྐྱོ་བའི་ཤུགས་རླུང་།།

དབང་མེད་རྡ་སའི་རི་ནས་ཁ་ཐུག་ཤོར་སོང་།།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་བོད་ཀྱི་གླུ་གར་ཚོགས་པའི་ཉེ་འཁྲིས་སུ་སྦྱར་བའོ།                                                    ༢༠༡༢  ༡༡  ༧