གྱོང་གུད་ཀྱི་རྩ་བ་འདི་དག་མིན་ནམ།

དབུ་རྨོག་གནམ་བས་མཐོ་བའི་བཙན་པོ་འཕྲུལ་གྱི་རྒྱལ་པོས།།  

སུམ་གཉིས་དབང་དུ་བསྡུས་པའི་ལོ་རྒྱུས་རིན་ཐང་ཆེ་ཡང་།།   

ས་ཕག་དགའ་གཙང་བར་གྱི་འགལ་བའི་ནང་འཁྲུག་དྲག་པོ།།  

བྱུས་ཉེས་སྟོང་གི་འབྱུང་རྩའི་ལེའུ་ནག་པོ་མིན་ནམ།།

རྒྱབ་རྩ་ཧོར་ལ་བཅོལ་བའི་དགའ་ལྡན་ལྷ་ཡི་དམག་དཔུང་།།  

བཀའ་འབྲུག་བོན་གྱི་གཤེད་དུ་ཡིད་དགའི་ཡུལ་ནས་ཕེབས་ཀྱང་།། 

མགོ་བོ་མི་འོག་ཞོར་བའི་སྲིད་གཞུང་ཡོ་འཁྱོམ་ཅན་པོས།།  

རྒྱ་ཧོར་རྗེ་རུ་བཀུར་བས་རྒུད་པའི་རྩ་བ་ཚུགས་སོང་།།   

ངུར་སྨྲིག་གོས་ལས་གཅེས་པའི་གའོ་ཙི་བེར་གྱི་བརྗིད་ཉམས།།   

དབུ་རྗེན་ཐོད་ལ་འཁོར་བའི་གསེར་རྨོག་རྔ་འཕྲུའི་ཟིལ་རྔམ།།  

ཏཱ་མིང་མཚན་གྱིས་སྒེག་པས་ཐུགས་ཀྱི་དགྱེས་པ་ཆེན་པོས།།  

ཟ་འདོད་ལག་པ་རིང་པོ་ཐུགས་ཀྱི་ཟུར་ནའང་མ་འཁོར།།   

བློ་གཏད་རྒྱ་ལ་བཅོལ་ཡང་རྒྱ་ཡིས་བོད་ཡུལ་ཟ་འདོད།།   

གཏིང་གི་འདུན་མ་ཡིན་པས་མཐའ་ནས་ཟ་གྲབས་གཤོམ་པ།།   

འཇམ་རྩུབ་ལས་ལ་རན་པའི་སྲིད་ཀྱི་རལ་ཁ་བསྐོར་ཚེ།།           

མེས་འཚིག་ཀོ་བ་ཇི་བཞིན་མཐའ་ནས་དབུས་ལ་འཁུམས་པ།།  

ཡབ་རྗེ་ཐུབ་བསྟན་རྒྱ་མཚོའི་བཀའ་གཙིགས་དཔའ་བོའི་ཞལ་ལུང་།།   

སྐད་གསང་མཐོན་པོས་བསྒྲགས་པ་རིན་ཐང་འབུམ་གྱིས་ཕྱུག་ཀྱང་།།  

ཐུགས་བཞེད་གནད་སྨིན་ཡོང་ལ་འགོག་རྐྱེན་ཧྲག་ལ་ལྕི་བས།།      

ཇི་བཞིན་ལམ་ལྷོང་མ་ཕྱིན་གྱོང་གུད་འདི་ལྟར་ཆེ་བ།།      

ར་སྟག་འཁོན་འཁྲུག་བར་གྱི་བོད་འབངས་བདག་མེད་ཡན་བོར།།   

ཕྱི་སྣ་ནང་གིས་ཁྲིད་པས་རྒྱ་དམག་དབུས་སུ་འབྱོར་བ།།  

མི་འདོད་བཙན་གྱིས་བཞག་པའི་ཆིངས་དོན་དབུ་ལ་འཁོར་བས།།   

ཡུལ་བྱོལ་ལས་དབང་སྐྱ་མོ་བདག་གིར་མི་བྱ་མཐུ་མེད།།    

རང་བཙན་རང་སྐྱོང་བར་གྱི་འགལ་བའི་འཁོན་སྡང་རིང་མོ།།    

ཡུལ་བྱོལ་སྲིད་ཐག་དཀྱིལ་ནས་ཁད་དང་ངད་ཀྱིས་ལྡང་བ།།  

འདི་ཡང་རྩ་བ་ཤོར་བའི་སྔ་ལྟས་ཡིན་པར་སྲིད་པས།།   

རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྲིད་བྱུས་གཅིག་ལ་འཐམ་རན།།