རང་སྲེག་གི་རྒྱུ་རྐྱེན་དང་དེ་སེལ་ཐབས་གཉིས་ཀ་རྒྱ་ནག་ལ་ཡོད།

རྒྱ་ནག་གིས་མི་སེར་སྤེལ་བའི་རིང་ལུགས་དང་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་པས་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གཏོང་གི་ཡོད་པ་རེད་ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།

ཟླ་འདིའི་ཚེས་༡༡ ཉིན་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཉེ་ཆར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཚོ་གཙོས་བོད་བསྟན་སྲིད་དང་མི་རིགས་ཀྱི་རང་དབང་ཆེད། ལུས་སྲོག་ལོངས་སྤྱོད་བློས་བཏང་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་རྗེས་དྲན་ཞུ་སླད་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།

དེར་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། དྷ་སའི་མི་མང་བཅས་མཉམ་འཛོམས་ཀྱིས་བསྔོ་སྨོན་གསུངས་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་གནས་ཚུལ་སྐོར་ལ་གསུང་བཤད་གནང་དོན། ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་ཚོས་མངོན་འདོད་དེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས། ཞེས་འབོད་སྒྲ་གཅིག་མཚུངས་རེད། རང་ལུས་མེར་སྲེག་གཏོང་མཁན་ཚོ་གཙོ་བོར་གྱུར་པའི་བོད་ནང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་མངོན་འདོད་ལ་ང་ཚོ་ཚང་མས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཞུ་རྒྱུ་དང་། ཁོང་རྣམ་པའི་མངོན་འདོད་བསྒྲུབ་རྒྱུའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཐོག་ནས་གང་ཐུབ་ཅི་ཐུབ་འབད་བརྩོན་ཞུས་དང་ཞུ་བཞིན་ཡོད། དེ་བཞིན་བོད་རེབ་གོང་ཁུལ་དུ་ཉིན་གསུམ་སྔོན་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲོམ་སྐོར་བྱས་ཏེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། རྒྱ་ནག་གིས་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག མི་རིགས་འདྲ་མཉམ་ཐོབ་ཐང་དང་དམིགས་བསལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་ཁྲོམ་སྐོར་གནང་འདུག་པར་བཀའ་ཤག་ལ་བློ་འཚབ་ཆེན་པོ་ཡོད་”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་བོད་མིས་བློས་གཏོང་གི་ལས་འགུལ་སྐོར་གསུང་དོན། “བོད་མི་ཚོས་སོ་སོའི་རྩ་ཆེ་བའི་ཚེ་སྲོག་ཐེ་ཚོམ་མེད་པའི་ཐོག་ནས་བློས་བཏང་བ་དང་། བོད་མི་ཡོངས་ཀྱི་མངོན་འདོད་ཆེད་རང་ལུས་བློས་གཏོང་གནང་བཞིན་ཡོད། དེང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་སུ་བོད་དོན་སྐོར་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད། ཁ་སང་ནིའུ་ཡོཀ་དུས་བབ་ནང་རྩོམ་ཡིག་ཅིག་བྲིས་འདུག གནད་དོན་གཙོ་བོ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མང་པོ་དེ་འདྲ་ཡོང་གི་ཡོད་ཀྱང་། རྒྱ་རིགས་མཁས་པ་ལྟ་བ་གུ་ཡངས་ཅན་མང་པོ་ཞིག་ཡོད་ཀྱང་། བོད་དོན་ཐོག་གནད་དོན་ཤོད་མཁན་ཉུང་ཤས་ཤིག་ལས་མི་འདུག རྒྱ་ནག་གི་མང་གཙོ་རྩོད་མཁན་དེ་དག་གིས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། ལྐོག་ཟ་རུལ་སུངས་བཅས་ལ་ནམ་རྒྱུན་ནས་བགྲོ་གླེང་མང་པོ་བྱེད་ཀྱི་ཡོད། འོན་ཀྱང་བོད་དོན་སྐོར་ལ་བགྲོ་གླེང་གནང་གི་མི་འདུག གལ་ཏེ་གནང་ཡང་ཉུང་ཤས་ལས་མི་འདུག དེ་མི་རིགས་ཀྱི་དབྱེ་འབྱེད་ཡིན་ནམ། རྒྱ་རིགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་རྩོམ་ཡིག་འབྲི་ཐུབ་ཀྱི་ཡོད་པ་ལྟར་བོད་ནང་བོད་མིས་རང་ལུས་བློས་བཏང་ལ་ག་རེ་བྱས་ཏེ་རྒྱ་རིགས་མཁས་དབང་ཚོས་བགྲོ་གླེང་བྱེད་ཀྱི་མེད་དམ། ཞེས་པའི་རྩོམ་ཡིག་ཞིག་བཀོད་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དོན་ཁྱབ་དང་ཁྱབ་བཞིན་ཡོད་”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་རྒྱ་ནག་གཞུང་ལ་བརྡ་ལན་གནང་དོན། “རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཚོགས་བཞིན་པའི་ཐོག་བོད་མིའི་འགོ་ཁྲིད་ཡིན་ཟེར་མཁན་ཏང་གི་གནད་ཡོད་མི་སྣ་འགའ་ཤས་ཀྱིས་གསར་འགོད་པ་བསྐོང་སྟེ། དུས་རྟག་ཏུ་ནེ་ཙོ་ལྟར་ཅིག་སྐོར་དགོས་ཀྱི་ཡོད་པ་རེད། ཁོ་རང་ཚོས་་ཡ་མཚན་པོ་འགའ་ཤས་གསུངས་འདུག སྣང་བར་མི་འགྲོ་བ་རེད་ལ། དེར་་མོས་མཐུན་རྩ་བ་ནས་མེད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་བོད་མིའི་མེར་སྲེག་གཏོང་དགོས་དོན་གྱི་རྐྱེན་དང་། གནད་དོན་སེལ་ཐབས་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད་ཅེས་བཤད་ཡོད། རྐྱེན་མི་སེར་སྤེལ་བའི་རིང་ལུགས་དང་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་པས་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གཏོང་གི་ཡོད། མི་སེར་སྤེལ་བའི་རིང་ལུགས་དང་མཁྲེགས་འཛིན་སྲིད་བྱུས་མཚམས་བཞག་ཏེ་བོད་མིར་རང་སྐྱོང་གནས་བབ་སྤྲད་ན། ཐབས་ལམ་དེ་པེ་ཅིང་ལ་ཡོད་པ་རེད། ང་ཚོས་རྒྱ་གཞུང་ལ་བོད་ནང་ཆབ་སྲིད་དམ་དྲག་དང་མི་རིགས་དབྱེ་འབྱེད། དཔལ་འབྱོར་དབྱེ་འབྱེད། ཁོར་ཡིག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་གི་འདུག་ཅེས་ཕར་སྐྱོན་བརྗོད་བྱེད་བཞིན་པ་དེར། ཉེ་ལམ་རང་སྐྱོང་ལྗོངས་ཀྱི་ཡིན་ཟེར་མཁན་བོད་མི་ཁག་ཅིག་གིས། བོད་ནང་གི་བོད་མི་ཚོར་ཆབ་སྲིད་རང་དབང་ཡོད། སྤྱི་ཚོགས་དབྱེ་འབྱེད་མེད། དཔལ་འབྱོར་གྱི་ཐོབ་ཐང་ཡོད། བོད་ནང་གི་བོད་མི་ཚོར་བདེ་སྐྱིད་ཡོད། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་ས་ལོ་ལྔའི་ནང་རྒྱ་ནག་རྒྱལ་ཡོངས་ནང་གྲོང་ཁྱེར་སྐྱིད་ཤོས་དེ་ཡིན་ཞེས་བཤད་འདུག བོད་མི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་བོད་ནང་རྙོག་དྲ་འབྱུང་བཞིན་པ་དེ་དག བོད་མིའི་སྒྲིག་འཛུགས་ཀྱིས་ངན་སྐུལ་བྱས་པ་ཞིག་ཡིན་པ་ལས། བོད་ནང་གི་བོད་མི་ཚོ་སྐྱིད་པོ་བདེ་མོ་ཡོད་སྐོར་བཤད་པ་དེར་བློ་ཕམ་སྐྱེ་གཞི་ཞིག་རེད”ཅེས་གསུངས་སོང་།།