ཀ་བཤད་ལུས་མེ་དབྱེར་མེད།
ཀ་བ་ཁང་པ་སྐྱེས་དམན་ཕྲུ་གུ་སོགས།།
ཁ་སྤུ་ཉག་མ་ཇི་བཞིན་རྒྱབ་གཡུགས་ཏེ།།
ག་དུས་ཡིན་ཡང་མི་ཤེས་གློ་བུར་དུ།།
ང་ཚོའི་དཔའ་བོས་རང་ལུས་མེར་སྲེག་མཛད།།
ཅ་ལག་རྒྱུ་ནོར་མེད་པའི་དཀའ་ངལ་མིན་།།
ཆ་ཤས་དོན་ཆུང་ཆེད་དུ་ཡིན་དོན་མེད།།
ཇ་མར་ཟས་གསུམ་མེད་པ་ག་ལ་ཡིན།།
ཉ་ཕག་གཡག་ཤ་མེད་པ་དེ་བས་མིན།།
ཏཱ་ལའི་བླ་མ་བོད་ལ་གདན་ཞུ་དང་།།
ཐ་ཤལ་སྲིད་ཇུས་དེ་ལ་མི་འདོད་ཅིང་།།
ད་ཕྲུག་བཞིན་དུ་ལུས་པའི་བོད་པའི་ཆེད།།
ན་གཞོན་བོད་ཕྲུག་དེ་ཚོས་རང་སྲེག་མཛད།།
པ་ཅོག་རུ་རྐང་ཚིག་པའི་དུ་དྲིས་ཁྱབ།།
ཕ་མ་སྤུན་མཆེད་ངུ་འབོད་རི་གྲོང་བཀང་།།
བ་སོ་ལྟ་བུའི་ལྷག་བསམ་དཀར་པོ་དེས།།
མ་ལུས་བོད་ཀྱི་ཆེད་དུ་བློས་བཏང་བྱས།།
ཙ་རིར་གནས་སྐོར་དཀའ་ཐུབ་ག་ལ་ཡིན།།
ཚ་ཞིང་སྲེག་པས་སྲོག་དབུག་ཆད་དགོས་ན།།
ཛ་དྲག་འདི་འདྲའི་ལས་འགུལ་སླ་མོ་མིན།།
ཝ་ལས་སྐྱོ་པའི་ཁོ་བོས་འདི་འདྲ་སྙམ།།
ཞ་ར་ལོང་བ་ལྟ་བུའི་མ་མཐོང་ཁུལ།།
ཟ་འདྲེ་རྒྱལ་ཚོགས་ལས་ཁུངས་ཅི་ཞིག་བྱ།།
འ་ཅག་དབུ་ཁྲིད་ཀུན་ལ་རེ་ན་ཡང་།།
ཡ་མེད་བཏང་ནས་བཞག་ན་ངོ་ཡང་ཚ།།
ར་ལུག་མིན་ན་དོན་ལ་བསམ་བློ་ཐོངས།།
ལ་རྒྱ་དགོས་ན་བོད་ལ་རོགས་རམ་བྱོས།།
ཤ་ཚ་ཡོད་ན་སྐྱིད་སྡུག་མཉམ་མྱོང་གྱིས།།
ས་རྡོ་མིན་ན་བོད་ཀྱི་འབོད་སྒྲ་གསོན།།
ཧ་བོ་ང་ཚོ་བོད་ཀྱི་གནས་སྟངས་ལ།།
ཧ་ཙི་ཐུགས་བསམ་མང་ཙམ་བཞེས་ན་བཟང་།།
ཨ་རོག་ཟེར་བཞིན་ཐག་རིང་འབོད་པའི་ཚེ།།
ཨ་ཞེས་སྙན་དབང་མ་སྲ་ཉན་པར་མཛོད།།
ཅེས་པ་འདི་ཡང་རང་ལུས་མེ་སྲེག་པ་མང་ནས་མང་དུ་འགྲོ་བཞིན་པ་སེམས་ཀྱིས་མ་བཟོད་པར་ཀ་ཕྲེང་ལ་སྦྱར་བའི་སེམས་ཚོར་སྐྱུར་མོ་ཞིག་ཀློག་པ་པོའི་སྤྱན་སྔར་བཤམས་ འདོད་བྱུང་།བྱང་ཕྱོགས་ཧེ་མ་ཅལ་མངའ་སྡེའི་རྒྱལ་ས་གཤམ་དུ་བོད་མིའི་སྒྲིག་ འཛུགས་ཀྱི་གཏན་སློབ་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་དབྱངས་ཅན་ཆོས་སྤྲིན་རྒྱ་ མཚོ་རུ་འབོད་པས་ཕྱི་ལོ་2012ཟླ་11ཚེས་12དི་ཝག་ལེའི་Diwaliམཚན་མོ་ཕྱག་ཚོད་ དགུ་པར་བྲིས་སོ།།