ཞི་བའི་གོམ་བགྲོད་ལས་འགུལ།
ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་དྷ་ས་ནོར་གླིང་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་དང་མི་མང་གིས། བོད་ནང་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྤེལ་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨་ ༣༠ སྟེང་ནོར་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ནོར་གླིང་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དང་འཆི་མེད་དགའ་ཚལ་གླིང་། བཙུན་དགོན་སྒྲོལ་མ་གླིང་བཅས་ཀྱི་དགེ་འདུན་པ་དང་བཙུན་མ། ནོར་གླིང་མཐོ་སློབ་ཀྱི་དགེ་སློབ། དེ་བཞིན་ནོར་གླིང་གནས་སྡོད་སེར་སྐྱ་མི་མང་བཅས་ཁྱོན་བོད་མི་ ༣༠༠ ཡས་མས་ཀྱིས། བོད་ནང་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། ཉེ་ལམ་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་རྒྱད་པ་ཚོགས་ཏེ་གསར་དུ་བསྐོ་བཞག་བྱས་པའི་རྒྱ་ནག་གི་མགོ་ཁྲིད་གསར་པ་ཞི་ཅིན་ཕིན་གཙོས་པའི་མགོ་ཁྲིད་རྣམས་ལ་འདས་པའི་རྒྱ་ནག་གི་དཔོན་རིགས་ལྟར་མཁྲེགས་བཟུང་གིས་གནད་ལུགས་དང་རྒྱུ་མཚན་ལ་མ་ལྟོས་པར་རྡུང་རྡེག་དང་བཙན་གནོན་གྱི་དྲག་རྩུབ་ཁོ་ནས་མགོ་བོ་འབུར་འཇོམས་བྱེད་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་གིས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་དང་། བོད་མིའི་མངོན་འདོད་དངོས་གང་ཡིན་རྩད་ཞིབ་ཀྱིས་དེ་དག་ལ་ཡ་ལན་གནང་དགོས་རྒྱུ་མ་ཟད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མགྱོགས་ནས་མྱུར་དུ་གློད་གྲོལ་དང། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་མགོ་བོ་བཀྱག་སྟེ་འགྲོ་དགོས་ན་བོད་ཀྱི་དཀའ་རྙོག་དེ་སེལ་དགོས་པས། རྒྱ་ནག་གི་འགོ་ཁྲིད་གསར་པ་ཞིན་ཅིན་ཕིན་གྱིས་གོ་སྐབས་བཟང་པོ་དེ་དམ་འཛིན་གྱིས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་གང་མགྱོགས་འགོ་འཛུགས་ཀྱིས་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་དང་། དེ་བཞིན་རང་དབང་དང་མང་གཙོ། དྲང་བདེན་ལ་དགའ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་ཁབ་ཁག་དང། ཚོགས་སྡེ། མི་སྒེར་བཅས་ནས་བོད་ནང་དུ་འབྱུང་བཞིན་པའི་ཡ་ང་བའི་ཛ་དྲག་གི་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་གྱིས་དོན་དངོས་བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་དེ་དག་མགྱོགས་ནས་མྱུར་དུ་སེལ་རྒྱུའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ནོར་གླིང་འཆི་མེད་དགའ་ཚལ་གླིང་དགོན་པ་ནས་མགོ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དྷ་ས་གཙུག་ལག་ཁང་གི་སྒོའི་འགྲམ་རྒྱལ་གཅེས་དཔའ་བོའི་རྡོ་རིང་མདུན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་གྱིས་གོམ་བགྲོད་པ་རྣམས་ལ་བོད་ཀྱི་གནས་སྟངས་དང་འཐབ་རྩོད་དང་འབྲེལ་བའི་སྐོར་ལ་བཀའ་སློབ་གསུང་གཤད་གནང་བ་དང་། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཀྲིས་ལམ་བཟང་གིས་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་གནང་ཡོད་པ་མ་ཟད། བཞུགས་སྒར་གཙུག་ལག་ཁང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་གནང་ཡོད་པ་རེད།
