དགེ་བཅུའི་ཁྲིམས་ཀྱིས་ཕན་ཡོན་གླེང་བ།

སྤྱིར་བཏང་ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དང་། སྨྲ་ཤེས་ཤིང་དོན་གོ་བའི་རྐང་གཉིས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་དགེ་བ་ཞེས་པ་དེ་ལེགས་པའི་ཕྱོགས་དང་། སྡིག་པ་ཞེས་པ་ཉེས་པའི་ཕྱོགས་ཡིན་པ་ཤེས་དགོས་ངེས་རེད། དེ་ཕྱིར་དགེ་བ་སྒྲུབ་དགོས་པ་དང་།

སྡིག་པ་སྤང་དགོས་པ་དེ་ཡང་དམ་པའི་ཆོས་ཀྱི་ཚུལ་ཁྲིམས་དང་། བཅས་ཁྲིམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས། ཡུལ་སྡེའི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བའི་འདོར་ལེན་གྱི་ཆ་མང་ཆེ་བ་བྱ་བ་ལེགས་ཕྱོགས་སུ་བསྐྱོད་དགོས་པ་དང་། རྒྱལ་ཁྲིམས་དང་འགལ་བའི་ཉེས་པའི་ཆ་དེ་དག་དགག་དགོས་པ་ནི་ཆོས་ཙམ་དུ་མ་ཟད། འཇིག་རྟེན་པའི་ལུགས་ལ་ཡང་ཡོད་དགོས་པའི་རྩ་བའི་ཁྲིམས་ཡིན་པས། དགེ་བ་ནི་ལུགས་གཉིས་ཀྱི་སྲོག་དང་གཅིག་མཚུངས་རེད། དཔེར་ན་ལུས་ཀྱི་སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ། འདོད་ལོག་མི་སྤྱོད་པ་དང་། ངག་གི་རྫུན་མི་བཤད་པ་དང་། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བ། འཆལ་གཏམ་མི་སྒྲོག་པ་དང་། ཡིད་ཀྱི་བརྣབ་སེམས་། གནོད་སེམས། ལོག་ལྟ་གསུམ་སྟེ་སྤོང་བ་དགུ་པོ་དགེ་བ་དང་། དེའི་མི་མཐུན་ཕྱོགས་དགུ་པོ་མི་དགེ་བ་རེད་ལ། ཆོས་པ་ཙམ་དུ་མ་ཟད། འཇིག་རྟེན་པའི་ཁྲིམས་ལ་ཡང་ངེས་པར་དུ་ཚང་དགོས་པའི་གནད་ཀྱི་འགག་མདོ་ཞིག་རེད།

དེང་སང་བསམ་མེད་འགའ་ཞིག་གིས་གང་ཟག་བྱེ་བྲག་པ་འགའ་ཞིག་ལ་གནོད་པའི་རྒྱུ་མཚན་གྱིས་དགེ་བཅུའི་ཁྲིམས་ལ་སྐྱོན་དུ་ལྟ་བ་དང་། དམོད་པ། འགལ་རྐྱེན་སྒྲུབ་གང་ཐུབ་བྱེད་པ་ནི་ཆོས་པ་ཞིག་གི་མིང་ཁུར་ཀྱང་སྡིག་རྒན་དང་། བོད་མི་ཞིག་ཡིན་ཡང་ལྟ་ལོག་དང་། འགྲོ་བ་མིའི་ལུས་སུ་ཡོད་ཀྱང་ཁྲེལ་ མེད་ཅིག་གི་བྱ་བ་ལས། དེ་ལ་དཔྱོད་ལྡན་སུ་ཞིག་གིས་ལེགས་སོ་འབུལ། དགེ་བཅུའི་ཁྲིམས་ཞེས་པ་དེ་དོན་ངོ་མས་བཤད་ན་བླ་རུང་ཚང་གི་ལས་འགན་དང་། ཁོང་རྣམ་པས་གསར་དུ་བཟོས་བཞག་པ་ཞིག་གང་ཡང་མ་རེད། དགེ་བ་ཞེས་པ་དེ་སྤྱིར་འཇིག་རྟེན་འདིའི་འགྲོ་བ་རྣམས་ཀྱིས་ལེགས་ཉེས་ཀྱི་བླང་ དོར་ཤེས་པ་ནས་བྱུང་བ་དང་། ཁྱད་པར་དུ་འཇིག་རྟེན་འདིའི་འདྲེན་པའི་དེད་དཔོན་ཆེན་པོ་དག་གིས་ལེགས་པའི་ལྟ་སྤྱོད་དག་བཏུས་ཏེ། བླང་བྱ་ལ་དགེ་བ་དང་། དོར་བྱ་ལ་མི་དགེ་བ་ཞེས་མིང་བཏགས་ཏེ་ལས་ལམ་དག་བསྟན་པ་ཞིག་རེད། ངོ་མ་བསམ་ཤེས་ན་དགེ་བ་བཅུ་ལ་འབད་འབུངས་བྱེད་བཞིན་པ་དང་། དེ་ལ་མངོན་པར་དགའ་བའི་གང་ཟག་དག་ནི་གཞལ་མེད་ཀྱི་ཡིད་བཞིན་གྱི་ནོར་བུ་བཞིན་རིན་ཐང་བྲལ་བ་ཞིག་རེད།

གང་ཡིན་ཞེ་ན་དགེ་བཅུའི་ཁྲིམས་ལ་གནས་པའི་གང་ཟག་དག་གིས་གཞན་གྱི་སྲོག་མི་གཅོད་པར་མ་ཟད། རང་གཞན་གནས་པའི་འཁོར་ཡུག་གཏོར་བརླགས་བཏང་མེད་ལ། མཁའ་དབུགས་དང་། གོ་ལའི་སྲོག་རླུང་ལ་འབག་བཙོག་གིས་བགོས་མེད་པར་མ་ཟད། ཕྱིས་འབྱུང་གི་མི་རབས་ཚ་རྒྱུད་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་གནོད་པའི་ལས་རྩ་བ་ནས་བྱེད་མི་སྲིད་པ་རེད། དེ་ཕྱིར་བོད་པ་ཙམ་དུ་མ་ཟད། འཇིག་རྟེན་འདིའི་སྐྱ་སེར་ཡོངས་རྫོགས་ཀྱིས་དགེ་བཅུའི་ཁྲིམས་ལ་རང་ཉིད་ཀྱིས་འབད་དགོས་པ་དང་། གཞན་ལའང་སྙིང་ཐག་པ་ནས་གཞེན་བསྐུལ་འདེབས་དགོས་པ་ནི། རང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་འོས་འགན་དང་པོ་དེ་རེད། དགེ་བའི་ལས་ལ་དགའ་ཞིང་། ཆོས་ལ་སེམས་པ་དཀར་བ་རྣམས་ལྟར་སྣང་ལེགས་པའི་ཟས་གོས་གནས་མལ། འགྲིམས་འགྲུལ་བདེ་བའི་རླངས་འཁོར་དང་། གནམ་གྲུ། གྲུ་གཟིངས་སོགས་ཕུལ་དུ་བྱུང་བ་མེད་ཀྱང་། ནང་སེམས་ཀྱི་བདེ་སྐྱིད་གཞན་ལས་ཕུལ་དུ་བྱུང་བ་ཡོད་པ་དང་། མཁའ་དབུགས་དང་། ས་གཞི། རྩི་ཤིང་། ནགས་ཚལ་སོགས་འཁོར་ཡུག་ལ་གོད་ཆག་བཏང་མེད་པ་འདི་ནི་ཆེས་རིན་ཐང་བྲལ་བའི་བྱ་སྤྱོད་ཅིག་རེད། དེ་མིན་སྡིག་པའི་ལས་ལ་མངོན་པར་ཕྱོགས་པའི་འཛམ་བུ་གླིང་གི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་ཚན་རིག་པས་རྫས་སྦྱོར་དང་། ཚོད་ལྟའི་ཆེད་དུ་དུད་འགྲོ་དུང་ཕྱུར་མང་པོའི་ཚེ་སྲོག་འཆོར་བཞིན་པ་དང་། སའི་གོ་ལའི་སྲོག་སྙིང་འབྱིན་ཞིང་། རླུང་གི་གོ་ལའི་རྒྱུ་ལམ་གཅོད་པའི་འབག་བཙོག་གིས་བསྒོས་པ་དང་། མི་རབས་རྗེས་མ་ཚོའི་འཐུང་ཆུ་དང་། ཟས་གོས། གནས་མལ་ཡོད་ཚད་ལ་སྐྱོན་ཚབ་ཆེན་བཟོས་ཚར་བ་རེད། དེང་སང་སྔོན་གྱི་དུས་སུ་ཚ་བ་ཆེ་སར་གྲང་བ་དང་། གྲང་བ་ཆེ་སར་ཚ་བ་རྒྱས་ཤིང་། དྲག་ཆར་དང་། ཆར་ཞོད། རླུང་ཇག་སོགས་ཀྱི་རྐྱེན་ངན་དང་། གོད་ཆག་མང་དུ་འགྱུར་བཞིན་པ་དང་། དཔེར་ན་རླངས་འཁོར་གཅིག་པུས་ལོ་རེར་མི་བྱེ་བ་གཅིག་རེ་གསོད་བཞིན་པ་དང་། དེ་དང་འདྲ་བའི་འཕྲུལ་འཁོར་འདྲ་མིན་དང་། གློག ཆུ། ས། མེ་སོགས་ཀྱི་འོག་ཏུ་ག་ཚོད་ཤོར་ཡོད་རྒྱུ་རེད། འདས་པའི་ལོ་གཉིས་ཀྱི་གོང་དུ་ཐེ་ཝན་ལ་རླུང་ཇག་དང་། དྲག་ཆར་ལྡེབ་པ་ལས་མི་དྲུག་བརྒྱ་ལྷག་གར་སོང་ཆ་མེད་དུ་སོང་བ་རེད། བོད་དུ་ས་འགུལ་གྱིས་མི་ཉིས་སྟོང་དྲུག་བརྒྱ་གོ་བརྒྱད་ཤི་བ་དང་། བརླགས་སོང་བ་ཡང་མང་པོ་རེད་ལ། ཆིག་ཁྲི་ཉིས་སྟོང་ཆིག་བརྒྱ་སོ་ལྔ་རྨས་མར་བསྒྱུར་བ་དང་། འཇའ་པན་དུ་མཚོ་རླབས་དང་ས་འགུལ་གྱིས་ཆིག་ཁྲི་ལྔ་སྟོང་བརྒྱད་བརྒྱ་བདུན་ཅུ་ཤི་བ་དང་། རྨས་མ་དྲུག་སྟོང་ཆིག་བརྒྱ་བཅུ་བཞི། གར་སོང་ཆ་མེད་དུ་གྱུར་བ་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞི་སོགས་མདོར་ན་འཛམ་གླིང་ཤར་ནུབ་གཉིས་སུ་འབྱུང་བཞིའི་གནོད་པ་རྒྱ་ཆེ་བ་དང་། མི་རིགས་དང་། ལས་དཀའི་འཐབ་རྩོད་ཆེ་རུ་དང་། གཏིང་ཟབ་ཏུ་འགྲོ་བཞིན་པ་མཐའ་དག་འདོད་རྔམ་དང་། གནོད་སེམས། ལོག་ལྟ་དག་ལས་བྱུང་བ་ཡིན་པས་ན། དགེ་བཅུའི་ཁྲིམས་ལ་འབད་དགོས་པ་དང་། དགེ་བཅུའི་ཁྲིམས་གནས་པར་བྱ་དགོས་པ་ནི་བོད་ཙམ་དུ་མ་ཟད། འཇིག་རྟེན་སྤྱིའི་ལས་འགན་བླ་མེད་ཅིག་ཡིན་པར་མཐོང་ངོ་། །