ཚེས་ ༢༣ ཉིན་མདོ་སྨད་རེབ་གོང་དུ་རང་ལུས་མེར་སྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༢༣ ཉིན་མདོ་སྨད་རེབ་གོང་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་སྒོ་རུ། རྟ་མགྲིན་རྡོ་རྗེའི་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

དེ་ཡང་རྡོ་རྗེ་དབང་ཕྱུག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྟ་མགྲིན་རྡོ་རྗེ་མདོ་སྨད་རེབ་གོང་མགོན་ཤུལ་དམེ་སྐོར་རུ་ཁག་དང་པོ་ནས་ཡིན་པ་དང་། རང་ལོ་ ༢༩ ཡིན་འདུག ཟླ་ཟླ་འདིའི་ཚེས་ ༢༣ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པའི་སྟེང་། རེབ་ཀོག་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་སྲེག་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་འདུག

དེ་ཡང་ཁོང་གིས་རང་ལུས་ལ་མེ་སྦར་ཏེ་གོམ་པ་བཅུ་ཙམ་བར་གོམ་བགྲོད་གནང་འདུག་ཅིང་། དེ་མཚམས་ས་ལ་འགྱེལ་སྐབས། ཡང་བསྐྱར་ཡར་ལངས་ཏེ་གོམ་བགྲོད་ཐབས་བྱས་ཀྱང་། དེ་མ་ཐག་སར་འགྱེལ་ཏེ་འདས་གྲོངས་ཕྱིན་ཡོད་འདུག འདིའི་རྗེས་འབྲེལ་དུ་ས་གནས་མི་མང་དང་འདབས་འབྲེལ་གྱི་དགོན་སྡེ་ཁག་ནས་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་དཔའ་བོ་ཁོང་གི་སྐུ་ཕུང་མགོན་ཤུལ་སྔགས་སྒར་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཉེ་འགྲམ་གྱི་དུར་ཁྲོད་ནང་གདན་ཞུས་ཀྱིས་ཞུགས་འབུལ་ཞུས་ཡོད་འདུག

ཉེ་བའི་ཉིན་ཤས་གོང་ཁོང་གིས་ནང་མི་ཚང་མ་ལྷན་དུ་འཛོམས་བཅུག་ནས་གླེང་མོལ་དང་བཟའ་བཏུང་ལ་རོལ་འདུག་པ་དང་། དེ་བཞིན་དགའ་ཉེ་དང་གྲོགས་པོ་ཁག་ཅིག་རྩེ་ཁོག་རྫོང་ཐོག་ལ་ཁྲིད་སོང་ནས་དགའ་འཛོམས་མཐའ་མ་བྱས་ཡོད་འདུག གནས་སྐབས་དེ་དག་ཏུ་འདི་ལྟར་དམ་དྲག་དང་མནར་གཅོད་འོག་ནས་ང་ཚོས་སྡུག་སྒོམ་བྱས་ནས་སྡོད་རྒྱུ་དཀའ་ཚུལ་སོགས་ཡང་ཡང་གླེང་ཞིང་། ལྷག་པར་རང་ལུས་མེར་སྲེག་མ་བཏང་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ཙམ་ལ་གྲོགས་པོ་ཞིག་དང་ཁ་བརྡ་བྱས་འདུག་པའི་སྐབས་སུའང་། འདི་ལྟར་མནར་གཅོད་དང་དམ་དྲག་གི་འོག་ནས་སྡོད་བཟོད་དཀའ་བའི་སྐོར་གླེང་མོལ་བྱུང་ཡོད་འདུག

ཁོང་ལ་ནང་མི་དྲུག་ཡོད་འདུག་ཅིང་། ཨ་མའི་མིང་ལ་རྒྱ་མོ་སྐྱིད་ཞུ་ཡི་ཡོད་པ་དང་། ཁོང་ལ་སྤུན་མཆེད་བཞི་ཡོད་འདུག་པ་ལས་སྲིང་མོ་ཚེ་བརྟན་སྒྲོལ་མ་༼རང་ལོ་ ༢༣༽ སྤུན་མཆེད་ཆོས་འཛིན་༼རང་ལོ་ ༢༢༽ སྐལ་བཟང་རྡོ་རྗེ་༼རང་ལོ་ ༡༥༽ ཡི་དམ་ཚེ་རིང་༼རང་ལོ་ ༡༣༽ རེད། རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ནི་ཁྱིམ་ཚང་འདིའི་འཚོ་གནས་གང་ཅི་འགན་ལེན་བྱེད་པོ་ཁྱིམ་བདག་ཡིན་པ་རེད་འདུག

འདི་ཟླའི་ཚེས་ ༡༧ ཉིན་མགོན་ཤུལ་སྒར་བ་ནས་ཡིན་པ་གསང་བདག་ཚེ་རིང་གིས་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཚེས་ ༢༣ ཉིན་རྟ་མགྲིན་རྡོ་རྗེས་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་གཉིས་ནི། ད་ཆ་རེབ་གོང་རོང་འབྲོག་ཏུ་ཤིན་ཏུ་ནས་དམ་དྲག་དང་གཞུང་ངོས་ནས་འཇིགས་སྐུལ་སུན་བཙེར་རིམ་བསྟུད་བྱེད་བཞིན་པའི་གནས་སྐབས་སུ་བྱུང་བ་ཞིག་ཆགས་ཡོད།