༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་ཆིབས་བསྒྱུར།

༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་༣༠ཉིན་ནས་འགོ་བརྩམས་ཏེ་ཕྱི་ཟླ་༡༢པའི་ཚེས་༡༣ བར་བདུན་ཕྲག་གཉིས་ཀྱི་རིང་། གདན་ས་གསུམ་གྱི་གཙོས་པའི་གྲྭ་ཚང་དང་། བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ་ཚོས་གཙོས། མང་ཚོགས་ལ་ལམ་རིམ་ཁྲི་ཆེན་བརྒྱད་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་༧གོང་ས་མཆོག་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༢༦ ཉིན་གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡི་ཤུའི་གཙུག་ལག་སློབ་གཉེར་ཁང་ (Christ University) གི་ཚོགས་ཁང་དུ་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་སྩལ་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༡།༤༥ ཐོག་༧གོང་ས་མཆོག་གཙུག་ལག་སློབ་གཉེར་ཁང་དེའི་རྒྱལ་སྒོའི་མདུན་དུ་བོད་རིགས་སློབ་ཕྲུག་གིས། གྲོ་སོ་ཕྱེ་མར་དང་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་དང་། དགེ་ལས་སློབ་ཕྲུག་ཁྱོན་མི་གྲངས་༢༥༠༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་སྣང་གསལ་མར་མེའི་ཞལ་ཕྱེ་གྲུབ་མཚམས། ༧གོང་ས་མཆོག་གིས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པ་ལས་ངོས་རང་དམིགས་བསལ་བ་ཞིག་གང་ཡང་མིན། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ཡོད་པ་གཅིག་མཚུངས་ཤིག་ཆགས་ཡོད། རང་ལོ་༣༠ ཡམ་མས་ཀྱི་གཞོན་སྐྱེས་ཚོ་དུས་རབས་༢༡ པའི་ མི་རབས་ངོ་མ་དེ་ཆགས་ཡོད། རང་ལོ་༦༠ བརྒལ་ཟིན་པ་རྣམས་འདས་ཟིན་པའི་དུས་རབས་༢༠ པའི་མི་རབས་ཆགས་ཡོད།

འདས་ཟིན་པའི་བྱུང་རབས་ལས་ང་ཚོས་བློ་སྐྱེད་ལེན་ཐུབ་ཀྱང་བསྐྱར་འདབས་བྱ་ཐབས་མེད། འོན་ཀྱང་མ་འོངས་པའི་དུས་དེ་འཆར་རྒྱུ་ཡིན་པར་བརྟེན་མ་འོངས་པ་ཇི་འདྲ་བྱུང་མིན་ནི་ད་ལྟའི་བྱ་ཕྱོགས་ལ་རག་ལུས་ཡོད། རྒྱུ་མཚན་དེར་བརྟེན་ང་ཚོས་འབྱུང་འགྱུར་འཛམ་གླིང་སྤྱི་ཚོགས་བཟང་དུ་གཏོང་རྒྱུའི་ནུས་པ་ཡོད། ང་ཚོས་སེམས་ནང་ཞི་བདེ་གོང་མཐོར་བཏང་བ་བརྒྱུད་ནས་འཛམ་གླིང་སྤྱི་ཚོགས་བཟང་དུ་གཏོང་ཐུབ་རྒྱུ་ལས་དྲག་པོའི་དབང་ཤུགས་དང་དངུལ་སོགས་ཀྱིས་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་མེད། འཛམ་གླིང་འགྱུར་བ་གཏོང་རྒྱུ་ཟེར་བ་དེ་ལས་དོན་ཧ་ཅང་རྒྱ་ཆེན་པོ་ལྟ་བུ་མངོན་ཡང། ཞི་བདེ་ནི་འགྲོ་བ་མིས་བསྒྲུབ་དགོས། མི་སྒེར་པ་མང་པོ་མཉམ་དུ་ཚོགས་པ་དེར་འགྲོ་བ་མིའི་སྤྱི་ཚོགས་བརྗོད་བཞིན་ཡོད། དེར་བརྟེན་གལ་ཏེ་མི་སྒེར་རེ་རེའི་སེམས་ནང་ཞི་བདེ་བསྐྲུན་ཐུབ་པ་བྱུང་ཚེ་རང་གི་གྲོགས་པོ་གྲོགས་མོ་སོགས་ལ་ཞི་བདེའི་བསམ་བློ་སྤེལ་ཏེ་རིམ་བཞིན་ཇེ་མང་དུ་སྤེལ་བ་བརྒྱུད་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུ་ཡིན། གཞོན་སྐྱེ་ཁྱེད་རང་ཚོ་ནི་ང་ཚོའི་རེ་བ་བཅོལ་ས་ཆགས་ཡོད། ཁྱེད་ཚོར་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་འཆར་སྣང་དགོས་ཞེས་དང་།

ཡང་ཁོང་གིས་མུ་མཐུད་དུ་གསུངས་དོན། དེང་སྐབས་ང་ཚོས་ཕྱི་དངོས་པོའི་དཔལ་འབྱོར་ལ་དོ་སྣང་ཧ་ཅང་ཆེན་པོ་སྤྲོད་བཞིན་ཡོད་པ་ལས་འགྲོ་བ་མིའི་ནང་གི་བཟང་པོའི་རིན་ཐང་དེ་དག་ལ་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད། ང་ཚོས་མིའི་སྤྱི་ཚོགས་ནང་དབུལ་ཕྱུག་གི་བར་ཁྱད་ཇེ་ཉུང་ཐོག་འདྲ་མཉམ་ཡོང་ཐབས་གང་ཐུབ་བྱེད་དགོས་པ་མ་ཟད། ལྐོག་ཟ་རུལ་སྲུངས་ནི་སྤྱི་ཚོགས་ནང་སྐྲན་ནད་ལྟ་བུ་ཆགས་ཡོད། ལྐོག་ཟ་རུལ་སྲུངས་དེས་མིའི་ནང་བཟང་སྤྱོད་ཀྱི་བསམ་བློ་མ་འདང་བ་མཚོན་བཞིན་ཡོད།

ཆོས་དེ་མིའི་སེམས་ཚོར་དང་ཚན་རིག་ནི་མིའི་ཀླད་པར་འབྲེལ་བ་ཆེ་བ་ཡོད། ཚན་རིག་ནི་ཚོད་ལྟ་དང་རིག་པས་དཔྱད་པ་བྱེད་རྒྱུ་ལས་ཕྱིའི་སྣང་ཚུལ་ཙམ་ལ་ཆ་འཇོག་བྱེད་ཀྱི་མེད། འོན་ཀྱང་ཚན་རིག་པ་ཚོས་དངོས་པོའི་རྣམ་གཞག་ཆ་ཚང་ཤེས་ཀྱི་མེད། ཚན་རིག་པ་ཚོས་གཙོ་བོ་ཕྱི་དངོས་པོ་གཟུགས་ཅན་རག་པ་རྐྱང་པའི་ཐོག་བསམ་བློ་བཏང་བ་ལས་ནང་ཤེས་པའི་རྣམ་གཞག་ཐོག་ཁོང་ཚོའི་ཤེས་བྱ་ཡོན་ཏན་དེ་ཚད་ངེས་ཅན་ཞིག་ཡིན། འོན་ཀྱང་དེང་སྐབས་ཚན་རིག་པ་ཚོས་སེམས་ལ་སྦྱོང་བརྡར་སྤྲད་པ་བརྒྱུད་ཀླད་པར་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་དང། ལྷག་པར་དུ་ཚན་རིག་པ་ཚོས་བྱམས་པ་དང་བརྩེ་བ། གཞན་ཕན་གྱི་བསམ་པ་སོགས་ཀྱིས་མིའི་ལུས་སེམས་གཉིས་ལ་ཕན་ཐོགས་ཡོང་བཞིན་ཡོད་པ་ཚོད་ལྟའི་ལམ་ནས་དངོས་ར་འཕྲོད་ཡོད། མི་ཡག་པོ་ཞིག་ཆགས་པར་ངེས་པར་དུ་ཆོས་ཁས་ལེན་བྱེད་དགོས་ཀྱི་མེད་ཅེས་གསུངས་ཡོད་འདུག

ཕྱི་ཚེས་༢༣ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀེ་རེ་ལ་མངའ་སྡེའི་རྒྱལ་ས་ཐི་རུ་ཝ་ནན་ཐམ་པུ་རམ་ (Thiruvananthapuram) རམ་གྱི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  སྐབས་དེར་མངའ་སྡེའི་འཕྲོད་བསྟེན་དང་། ཁྱིམ་ཚང་བདེ་དོན། དེ་བཞིན་ལྷ་ཁང་བཅས་ཀྱི་བློན་ཆེན་སྐུ་ཞབས་ཝི་ཨེས་ཤི་ཝ་ཀུ་མཱར་Mr V. S. Sivakumar མཆོག་དང་མཇལ་འཕྲད་ཀྱིས་མངའ་སྡེ་གཞུང་གིས་ཕུལ་བའི་ཕྱགས་རྟགས་འབུལ་བཞེས་གནང་ཡོད་འདུག་ལ།

ཕྱི་ཚེས་༢༤ ཉིན་༧གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་རྒྱ་གར་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་དུར་དར་ཤན་Doordarshan གྱི་གསར་འགོད་པ་སྐུ་ཞབས་པི་པི་ཇེམ་སི་Mr PP ཡིས། རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཐོག་དགོངས་ཚུལ་ཇི་ཡོད་དྲིས་ཡོད་པར་༧གོང་ས་མཆོག་གིས། ངོས་ཀྱིས་རྒྱུན་ལྡན་རྒྱ་གར་ནི་ཆོས་ལུགས་འདྲ་མིན་འཆམ་མཐུན་ཐོག་ནས་མཉམ་གནས་ཐུབ་པའི་མིག་དཔེ་ལྟ་ས་ཞིག་ཡིན་པ་བརྗོད་བཞིན་ཡོད། ང་ཚོ་བོད་པ་ལྟ་བུར་མཚོན་ན། རྒྱ་གར་ནི་ང་ཚོའི་དགེ་རྒན་ཡིན། དེ་སྔ་བོད་དུ་མཁས་པ་ཞིག་གིས་བརྗོད་གསལ་ལ། ཁ་བ་དཀར་པོའི་ལྗོངས་སུ་རྒྱ་གར་ནས་སངས་རྒྱས་ཀྱི་བསྟན་པ་མ་དར་བར། གངས་ལྗོངས་དེ་བཞིན་མུན་ནག་ལྟ་བུར་གནས་ཡོད་ཀྱང་རྒྱ་གར་ནས་ནང་ཆོས་བོད་དུ་དར་རྗེས། གངས་ལྗོངས་དེ་བཞིན་མུན་ནག་ལས་ཡོངས་སུ་མཐར་ཏེ་དཀར་གསལ་གྱི་གངས་ལྗོངས་ཤིག་ཏུ་གྱུར་ཡོད་ཅེས་དང་།

ཕྱོགས་མཚུངས་རྒྱ་ནག་གི་འགོ་ཁྲིད་གསར་པ་སླེབས་རྗེས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་ཐུགས་རེ་ཡོད་མེད་དང་། བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་དང་འབྲེལ་བའི་དྲི་བར་བཀའ་ལན་བསྩལ་དོན། རྒྱ་རིགས་ཆོས་གྲོགས་མང་པོ་ཞིག་གིས་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་ཚོ་རྡོ་སྐུ་ལས་བཟོས་པ་ལྟ་བུའི་མཐོང་ཚུལ་ཡོད་པ་དང་ཁོང་ཚོ་དང་བསྡུར་བ་ཡིན་ན། ད་ལྟ་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིང་ཕིང་གི་རྣམ་འགྱུར་ལ་ལྟ་སྐབས་ཕྲན་བུ་ཀུན་སྤྱོད་བག་ཕེབས་ཡོད་པའི་ཚོར་སྣང་བྱུང་ཡོད་སྐོར་དང་། རྒྱ་ནག་ནང་ལམ་སང་འགྱུར་བ་མ་སོང་ན་ཡང་ག་ལེར་ག་ལེར་རང་དབང་དང་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཤིག་ཀྱི་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ཡིན་པ་ཡིད་ཆེས་བརྟན་པོ་ཡོད་སྐོར།

དེ་བཞིན་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་ཐོག་བཀའ་ལན་སྩལ་དོན། བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེ་དག་བོད་མིས་བཟོས་པ་ཞིག་མིན། གནད་དོན་དེ་དག་ནད་ཀྱི་མཚོན་རྟགས་ཙམ་ཡིན་པར་ངོས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་སྲིད་འཛིན་ཏིང་ཞའོ་ཕིང་Deng Xiaoping གིས། དོན་དངོས་བདེན་འཚོལ་བྱེད་དགོས་སྐོར་བརྗོད་པ་དེ་གཞིར་བཞག་ཐོག་བོད་ནང་གི་དངོས་ཡོད་གནས་ཚུལ་དེར། རྒྱ་ནག་དཔོན་རིགས་ཚོས་གནས་ཚུལ་དེ་དག་བྱུང་དགོས་དོན་རྒྱུ་མཚན་ཇི་ཡིན་རྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་རང་ལུས་མེར་སྲེག་གི་གནས་ཚུལ་འབྱུང་བཞིན་པ་དེ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་དག་མྱོས་རྫས་ཀྱིས་བཟི་བ་དང་ནང་མིའི་ནང་བཟའ་ཚང་གི་རྙོག་གྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་སྲེག་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་ནག་གི་དམ་བསྒྲགས་འོག་དུས་རྟག་ཏུ་འཇིགས་སྣང་དངངས་སྐྲག་འོག་གནས་བཞིན་ཡོད་ཅེས་བཀའ་ལན་གནང་ཡོད་འདུག

དེ་བཞིན་ཕྱི་ཚེས་༢༥ ཉིན་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ནང་ཡོད་པའི་ཡེ་ཤུའི་ལྷ་ཁང་དུ་གཟིགས་སྐོར་གནང་གྲུབ་རྗེས། ཁུལ་དེར་ཡོད་པའི་ཨིན་ཌི་ཡ་ཝི་ཤན་བརྙན་འཕྲིན་ (Indiavision News) གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ༧གོང་ས་མཆོག་གིས་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་གཞུང་གིས་བོད་ནང་དམ་དྲག་ཆེ་རུ་བཏང་སྟེ་དེང་སྐབས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་སྤེལ་དགོས་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང་། རྒྱ་ནག་དེ་འཛམ་གླིང་ནང་མི་འབོར་དང་དཔལ་འབྱོར། དམག་དོན་སོགས་ཀྱི་ཐད་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། འཛམ་གླིང་ནང་བཟང་སྤྱོད་ཀྱི་ནུས་ཤུགས་འདོན་དགོས་ཚེ། འཛམ་གླིང་མི་མང་ལ་ཡིད་ཆེས་སླེབས་ཐུབ་པ་ཞིག་བཟོ་དགོས་པའི་བཀའ་ལན་སོགས་གནང་ཡོད་པ་མ་ཟད། ཕྱི་དྲོར་ཁུལ་དེའི་ཡེ་ཤུའི་ལྷ་ཁང་ (Malankara Orthodox Syrian Church ) གི་ལོ་བརྒྱ་འཁོར་བའི་དུས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་( Dr Abdul Kalam )དང་། ཁུལ་དེའི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨོ་མན་ཅན་དི (Oommen Chandy )།  གནད་ཡོད་མི་སྣ་དང་ཆོས་ལུགས་དབུ་ཁྲིད་བཅས་མི་མང་ ༡༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད།  དེའི་རྗེས་༸གོང་ས་མཆོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སེ་ཐུ་ཊ་སི་ལགས་ཀྱིས་འགྲེམས་སྟོན་ཁང་དུ་ཆིབས་བསྒྱུར་གྱིས། བོད་དོན་དང་འབྲེལ་བའི་པར་རིས་དང་དངོས་རྫས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད་འདུག

དེ་བཞིན་དེ་རིང་སྟེ་ཕྱི་ཚེས་༢༧ ཉིན་༧གོང་ས་མཆོག་གིས་ཀར་ཎ་ཊ་ཀ་མངའ་སྡེའི་གྲོང་ཁྱེར་ཏུ་མ་ཀུར་གཙུག་ལག་སློབ་གྲྭའི་(Tumkur University) ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་གནང་རྒྱུ་ཡིན་པ་དང་། དེ་ནི་གཙུག་ལག་སློབ་ཆེན་དེས་༧གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་དང་ངོས་འཛིན་ཞུས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་མཛད་འཕྲིན་སྐབས་༧གོང་ས་མཆོག་གིས་གཙུག་ལག་སློབ་གྲྭ་དེར། དེང་དུས་ཤེས་ཡོན་ལམ་ལུགས་ནང་རྣལ་འབྱོར་ཉམས་ལེན་གྱི་ཐབས་ལམ་(International Conference on Yoga in Education) ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་དང་། ཏུམ་ཀུར་གཙུག་ལག་སློབ་ཆེན་དང་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་བར།་ཤེས་ཡོན་བརྗེ་ལེན་ཐོག་གན་རྒྱ་བཅས་འཇོག་རྒྱུ་མ་ཟད། དེར་ཡོད་དགེ་སློབ་དང་མི་མང་ལ་འཛམ་གླིང་ཞི་བདེ་སྐྲུན་ཐབས་( A human approach to world peace) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་རེད།

ཕྱི་ཚེས་༢༨ཉིན་༧གོང་ས་མཆོག་མུམ་བྷེ་ (Mumbai) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ ( Humane Society for International) ༢༠༡༢ ལོའི་བྱམས་སྙིང་རྗེ་ཉིན་མོ་སྲུང་རྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར། ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་བསྩལ་རྗེས་ཕྱི་ཚེས་༢༩ ཉིན་མོན་གྷོ་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཟླ་འདིའི་ཕྱི་ཚེས་༣༠ ནས་འགོ་བརྩམས་ཏེ་ཕྱི་ཟླ་༡༢པའི་ཚེས་༡༣ བར་བདུན་ཕྲག་གཉིས་ཀྱི་རིང་། གདན་ས་གསུམ་གྱི་གཙོས་པའི་གྲྭ་ཚང་དང་། བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ་ཚོས་གཙོས། མང་ཚོགས་ལ་ལམ་རིམ་ཁྲི་ཆེན་བརྒྱད་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག