བོད་ནང་གི་གནས་སྟངས་གསལ་པོ་ངོ་ཤེས་དགོས།
ཟླ་འདིའི་ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མི་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷ་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཟླ་ ༡༡ པའི་ཚེས་༣༠ བོད་མདོ་སྨད་མཛོད་དགེ་རྫོང་བཞག་ལྡོམ་ཡུལ་ཚོ་ས་ཁུལ་ནས་བོད་མི་ན་གཞོན་དཀོན་མཆོག་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་།
དེ་འབྲེལ་ས་གནས་ཀྱི་མི་སེར་ཁག་ཅིག་ཀྱང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་དགོང་འཚོག་ཅིག་བསྐོང་ཡོད་པ་དང་།
སྨོན་ལམ་དགོང་ཚོགས་དེར་ཕྱོགས་བཞུགས་སྤྱི་འཐུས་འཇིགས་མེད་འབྱུང་གནས་དང་། ས་གནས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཞིས་ཆགས་གཉིས་ཀྱི་གཅིག་ལྕོག་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་བཅས་ཀྱི་གཙོས་པའི་མི་མང་སུམ་བརྒྱ་ཙམ་འབྱོར་འདུག་ལ། མི་མང་གིས་ལག་ཏུ་ལ་སྒྲོན་ཐོགས་ནས་བསྔོ་བ་སྨོན་ལམ་དང་། རྒྱལ་བའི་ཞབས་བརྟན་བསགས་རྗེས་ས་གནས་གཞོན་ནུའི་ཚོགས་གཞོན་བསྟན་འཛིན་བློ་གྲོས་ཀྱིས་མི་མང་ལ་བོད་ནང་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་ ༩༠ པ་དཀོན་མཆོག་སྐྱབས་་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དང་འབྲེལ་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བཤད་བྱས་ཡོད་པ་རེད།
ཁོང་གིས་ང་ཚོ་རང་དབང་ལུང་པར་ཡོད་མཁན་རྣམས་ཀྱིས་བོད་ནང་གི་སྤུན་ཟླ་དག་གི་སྐྱིད་སྡུག་ལ་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམས་པའི་སྙིང་སྟོབས་དང་མངོན་འདོད་ལ་རྒྱབ་སྐྱོར། བོད་ནང་གི་གནས་སྟངས་གསལ་པོ་ངོ་ཤེས་པ་བྱེད་དགོས་རེད། ས་གནས་སོ་སོར་སྐབས་བབ་ཀྱི་བོད་དོན་ལས་འགུལ་སྤེལ་དགོས་པ་རེད། ང་རང་ཚོས་སོ་སོའི་རྩ་དོན་འཐབ་རྩོད་བྱེད་རྒྱུ་ལས་རྒྱལ་ཁབ་གཞན་པ་ལ་རེ་བ་དང་པོ་བྱེད་རྒྱུ་ཡོད་པ་མ་རེད། དང་པོ་སོ་སོས་ལས་འགུལ་སྤེལ། དེ་ནས་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་དང་རྒྱབ་སྐྱོར་ལོན་ཐབས་བྱེད་དགོས་པ་རེད་ཅེས་སོགས་བརྗོད་སོང་།
མེ་སོར་གསར་འགོད་པས།
