རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་རྔམ་སྟོན་ཁྲོམ་སྐོར།
ས་གནས་ས་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་པ་ཚོ་དང་། སྤྱི་འཐུས་ཚོ་ལས་འགུལ་ནང་ཕེབས་མེད་པ་དེར་ཧ་ཅང་བློ་ཕམ་བྱུང་། གང་ཡིན་ཟེར་ན། རྩ་བས་ང་ཚོས་ཤེས་གསལ་རེད། བོད་ནང་ལ་ཉི་མ་ཉི་མར་ཛ་དྲག་གི་གནས་སྟངས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་རེད་ཅེས་རྔམ་སྟོན་ཁྲོམ་སྐོར་བ་བློ་དགས་བརྗོད་བྱུང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ཞུས་མཛད་ནས་མི་ལོ་ཧྲིལ་པོ་༢༣ འཁོར་བའི་གཞུང་འབྲེལ་མཛད་སྒོ་གྲུབ་མཚམས། བུད་མེད་དབུས་ས་གཉིས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དྷ་སའི་ས་གནས་གཞོན་ནུ་བཅས་ཀྱི་གོ་སྒྲིག་འོག དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ། དེ་བཞིན་ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་ཧ་ཅང་མང་པོ་མཉམ་འཛོམས་ཀྱིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་དང་འབྲེལ། བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་དང་། འཛམ་གླིང་མི་མང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོང་བར་བོད་དོན་རྒྱབ་སྐྱོར་ཡོང་ཆེད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་ནས་འགོ་འཛུགས་ཀྱིས། མི་མང་གི་ལག་པར་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་གཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་འདྲ་པར་དང་། “བོད་རྒྱ་ནག་གི་ཆ་ཤས་མ་རེད་”ཅེས་པ་སོགས་འཕྲེད་དར་འདྲ་མིན་བཟུང་སྟེ“་ བོད་ལ་རང་དབང་དགོས་”ཞེས་སྐད་འབོད་བྱེད་ཞོར་གོམ་བགྲོད་ཀྱིས་མཐར་དྷ་ཤོད་ཀ་ཅ་རིར་འཛོམས་ཏེ། གོང་ཞུས་ཚོགས་པ་ཁག་གི་སྐུ་ཚབ་ཚོས་བོད་ཧིན་དབྱིན་གསུམ་གྱི་ཐོག་ནས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་།
ལས་འགུལ་ཐོག་གོང་ཞུས་ཚོགས་པ་ཁག་གིས“་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རང་ལུས་མེར་སྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ བོད་ལ་རང་དབང་དགོས་”ཞེས་པའི་ཡིག་ཆ་ཞིག་མང་ཚོགས་ཁྲོད་བཀྲམ་པའི་ནང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ། དགེ་ལེགས་འཇམ་དབྱངས་ཀྱིས་“རྒྱལ་སྤྱིའི་གཞུང་ངོས་ནས་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་གི་རེ་བ་བརྒྱབ་བསྡད་པ་ཁོ་ནས་མི་འགྲིག་པར། རྒྱ་གཞུང་གིས་བོད་དོན་ཐད་ཁ་ཞེ་གཉིས་མེད་ཀྱིས་རང་སྐྱོན་ངོས་ལེན་མ་བྱས་པར། ཛ་དྲག་གི་གནས་བབ་འདི་ཉིད་སྣང་མེད་དུ་འཇོག་ཐབས་མེད་པ་གཞིེར་བྱས། ང་ཚོ་གཞུང་མང་གཉིས་ཀྱིས་ཇི་སྲིད་རྒྱ་གཞུང་གི་འཁྲེགས་འཛིན་སྲིད་ཇུས་མཚམས་མ་བཞག་པར། སེམས་ཐག་གཙང་བཅད་ཀྱིས་ཞི་རྒོལ་གྱི་རྦ་རླབས་འདི་མུ་མཐུད་གནས་རྒྱུར་གྲ་སྒྲིག་ཨང་གསར་དགོས་”ཞེས་དང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་ལས་འགུལ་འགན་འཛིན་བསྟན་འཛིན་འཇིགས་བྲལ་གྱིས། “བོད་ནང་གི་བོད་མི་ཚོས་འཇིགས་ཞུམ་མེད་པར་སྐད་གསེང་མཐོན་པོས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་དགོས་འདུན་བཏོན་ནས་དཀའ་ལས་རྒྱག་བཞིན་པར། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྣང་མེད་མི་འཇོག་པའི་སླད། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འདིར་ཡུལ་ལུང་སོ་སོའི་སྲིད་གཞུང་ཁག་མཉམ་རུབ་ཀྱིས་བོད་དོན་དཀའ་རྙོག་སེལ་ཆེད་དོན་ཕན་ལྡན་པའི་ནུས་པ་འདོན་ཐབས་དང་། རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་རོགས་”།
ཡང་བོད་ཀྱི་བུད་མེད་དབུས་ས་གཉིས་ཀྱིས“་ང་ཚོས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་པ་བོད་ནང་འཕྲལ་མར་གཏོང་ཐབས་དང་། དེ་མ་བྱུང་ཕྱིན་ཆ་རྐྱེན་མེད་པའི་ཐོག་ནས་རྒྱལ་སྤྱིའི་ཞི་བདེ་དམག་དཔུང་བོད་ནང་གཏོང་རྒྱུའི་མཚོན། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་མཚམས་འཇོག་བྱེད་རྒྱུར་གནོན་ཤུགས་སྤྲད་དགོས་”ཞེས་འཁོད་འདུག་ལ།
དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། “ད་ཆར་བོད་ནང་འགྲོ་བཞིན་པའི་མེར་སྲེག་གི་དོན་རྐྱེན་དེ་བཞིན་མི་རྣམས་ཀྱི་མིག་ཁར་མཐོང་ཐུབ་པའི་དཀའ་ངལ་རེད། འོན་ཀྱང་། མེར་སྲེག་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་ང་ཚོས་མཐོང་ཡུལ་ན་མེད་པར་མེར་སྲེག་དོན་རྐྱེན་གྱི་རྒྱབ་ལ་བཀབ་ནས་ཡོད་སྟབས། ངའི་རེ་བར་མི་རྣམས་ཀྱི་མིག་ཁར་བཤམས་ཡོད་པའི་མེར་སྲེག་ལ་དོ་སྣང་བྱེད་ཞོར། མེར་སྲེག་རྒྱབ་ལོགས་ཀྱི་མཐོང་མི་ཐུབ་པའི་དཀའ་ངལ་རིགས་རྟོགས་ཐུབ་རྒྱུ་གལ་ཆེ་”ཞེས་དང་།
རང་ལུས་མེར་སྲེག་གི་གནད་དོན་ཐད་དྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ནས། “བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་འདི། རྒྱ་གཞུང་གཅིག་པུ་མ་ཡིན་པར་ངེད་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་དང་། རང་དབང་ལ་དགའ་བའི་མི་མང་། རྒྱལ་ཁབ་ཁག་ལ་ཡང་འབོད་སྐུལ་བྱེད་ཀྱི་ཡོད་པས། ངེད་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཁོང་ཚོའི་འབོད་སྒྲ་དེ་འཛམ་གླིང་གིས་ཐོས་པ་བྱས་ནས། ཁོང་ཚོའི་མངོན་འདོད་ངེས་པར་དུ་བསྒྲུབ་ཐུབ་པ་བྱེད་དགོས་”ཞེས་འཁོད་འདུག
མི་མང་གིས་གོམ་བགྲོད་ཀྱིས་དྷ་ཤོད་ཀ་ཅ་རིར་འབྱོར་མཚམས་འདི་གའི་གསར་འགོད་པས། ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་པ། དྷ་སའི་མཉམ་ལས་བཟོ་གྲྭའི་ལས་བྱེད་བློ་དགའ་ལ། ཁྱེད་རང་འདིར་མི་མང་ལས་འགུལ་ནང་ཞུགས་པར་སེམས་ཚོར་ག་འདྲ་བྱུང་ཞེས་དྲིས་པར་ཁོང་གིས། “དེ་རིང་གི་སྐད་འབོད་དང་འབྲེལ་བའི་གོམ་བགྲོད་འདིར་ང་ལ་ཚོར་བ་ཆེན་པོ་བྱུང་སོང་། གང་ཡིན་ཟེར་ན། མི་མང་ཧ་ཅང་མང་པོ་མཉམ་ཞུགས་བྱས་འདུག བྱེད་ཀྱང་དགོས་ཀྱི་ཡོད་རེད། གཞིས་ལུས་མི་མང་གིས་རང་སྲོག་བློས་གཏོང་བྱེད་ཐུབ་ས་ནས། འདིར་སུ་གང་གིས་གནོན་ཤུགས་དང་དྲག་གནོན་མེད་ས་ནས་ང་ཚོས་སྐད་འབོད་ཅིག་བྱེད་མ་ཐུབ་པ་ཡོད་མ་རེད་”ཅེས་དང་།
ཁོང་གིས་མུ་མཐུད་བརྗོད་དོན། “ཡིན་ན་ཡང་དེ་རང་ང་ལ་བསམ་ཚུལ་ག་རེ་བྱུང་ཟེར་ན། ས་གནས་ས་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་པ་ཚོ་དང་། སྤྱི་འཐུས་ཚོ་ཕེབས་ཧ་ཅང་ཉུང་ཉུང་ཡིན་པར་བློ་ཕམ་བྱུང་། གང་ཡིན་ཟེར་ན། རྩ་བས་ང་ཚོས་ཤེས་གསལ་རེད། བོད་ནང་ལ་ཉི་མ་ཉི་མར་ཛ་དྲག་གི་གནས་སྟངས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་རེད། བོད་མི་ཡིན་ཚད་ཀྱིས་འགན་ཁུར་ནས་སོ་སོས་ཐུབ་ཚོད་ཀྱིས་ལས་འགུལ་སྤེལ་དགོས་པའི་དུས་ཚོད་རེད། དེ་རིང་འཛམ་གླིང་གི་མི་མང་ཚང་མས་ལས་འགུལ་འདི་སྤེལ་གྱི་ཡོད་དུས། ང་ཚོ་འདིར་ས་གནས་ས་ཐོག་གི་གཞུང་ཞབས་ཚོ་དང་། སྤྱི་འཐུས་མང་པོ་མ་ཕེབས་པར་གཞིས་ལུས་མི་མང་ཡིན་ན་ཡང་བློ་ཕམ་ཡོད་ཤག་རེད་”ཅེས་བརྗོད་བྱུང་།