ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ།

ནམ་མཁའི་ནོར་བུ། 2012ལོའི་ཟླ 03ཚེས 19ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
དུས་རིམ་གོང་མའི་ལོ་རྒྱུས་ཀྱི་དབུ་མ་བརྙེས་པའི་གོང་དེར་ཞང་ཞུང་གི་ཡུལ་དུ་ མི་རབས་དུ་མ་ཞིག་བྱུང་ཡོད་པ་དང་། བོན་གྱི་ལུགས་འགའ་ཡང་དར་སྲོལ་བྱུང་ཡོད་པ་དེ་ལྟར་ན། དུས་སྐབས་དེ་དག་ཏུ་ཡི་གེའི་སྒོ་ནས་ཕན་ཚུན་བརྡ་སྤྲོད་པའམ་དེ་དང་ཕྱོགས་འདྲ་ བའི་ཤེས་རིག་འགའ་རེ་བྱུང་མེད་པའི་ངེས་པ་ཅི་ཞིག་ཡོད། སྨོན་པའི་མི་བོ་ལུམ་ལུམ་ནས་གཤེན་རབ་མི་བོ་ཆེའི་ཡབ་རྒྱལ་བོན་ཐོད་དཀར་གྱི་བར་ དམུ་རྒྱལ་གྱི་གདུང་རབས་བཅོ་བརྒྱད་བྱོན་ཡོད་པའི་ཚུལ།

ཡ་ཐོག་ཞང་ཞུང་གི་བོན་རབས་བཤད་པའི་སྐབས་གསལ་བར་སྤྲོས་ཡོད་པའི་རྒྱལ་རབས་དེ་ རྙེད་ཀྱི་རིང་ལ་ཕན་ཚུན་བརྡ་སྤྲོད་པའི་ཆ་རྐྱེན་དང་། རྒྱལ་ཁམས་ལ་དབང་བྱེད་པའི་ཆ་རྐྱེན་དུ་ཡི་གེའི་སྦྱོར་བ་ཅི་རིགས་ཤིག་བེད་ སྤྱོད་བྱས་ཡོད་དམ་མེད་པའི་སྐོར་འདི་རིགས་ནི་ཆེས་སྔ་བའི་ལོ་རྒྱུས་ཤིག་ཡིན་པ་ དང་། ལོ་རྒྱུས་དེ་རིགས་ཀྱི་ཁུངས་སྟོན་བྱེད་གནའ་བོའི་ཡིག་རྙིང་འགའ་ཞིག་ཀྱང་འཐོབ་ ཏུ་མེད་པར་བརྟེན། ད་ལྟའི་དུས་སུ་རྟོགས་ཤིན་ཏུ་དཀའ་བ་ཡིན། དེ་ལྟར་ནའང་གཤེན་རབ་མི་བོ་ཆེས་བོན་བསྟན་ཅིང་། ཡི་གེའི་སྲོལ་གསར་དུ་མཛད་པའི་ལོ་རྒྱུས་འདི་ནི་བོན་གྱི་ཡིག་ཆ་ཕལ་མོ་ཆེར་ ཡོངས་གྲགས་པ་ཡིན་སྟབས། གཤེན་རབ་བྱོན་པ་ནས་བཟུང་རང་རེས་ཞང་ཞུང་གི་ཡི་གེ་བྱུང་ཡོད་པའི་ཚུལ་ངེས་པར་ དུ་ལབ་ཆོག་ལ། ལུང་དང་རིག་པ་གང་ལ་བརྟེན་ནའང་ཚུལ་མཐུན་ཞིག་ཏུ་མངོན་ཐུབ། ལེགས་བཤད་རིན་པོ་ཆེའི་མཛོད〔པེ159ཕ12〕ལས་བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང(ཀྱང་)ཕུབ། མགོ་ཡིས་ལམ་དྲངས་ཤད་ཀྱི་མདོ་ཡང་བཅད། །ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་པས། དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ནས་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་ནས་སྨར་སྦྲག་ཏུ་བསྒྱུར། དེ་ནས་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཅན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་གྲགས་སོ། །ཞེས་ཤིན་ཏུ་ཞལ་གསལ་བར་བསྟན་ལ། ཡི་གེའི་ཐོག་མའི་བྱུང་ཁུངས་ནི་གཤེན་རབ་མི་བོ་ཆེ་ལ་གཏུགས་འདུག

གཤེན་རབ་མི་ཆེས་ཡ་ཐོག་ཞང་ཞུང་གི་ཡི་གེ་བསྟན་པའི་སྐོར།

གཤེན་རབ་མི་ཆེས་ཡ་ཐོག་གི་ཡི་གེ་ཇི་ལྟར་བསྟན་ཡོད་པའི་སྐོར་ནི་རིན་ཆེན་གཏེར་ ཁྱིམ〔ཐོབ12ཤ6ན5〕ལས་ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས། ཡི་གེའི་འབྱུང་ཁུངས་ཐོག་མ་དེ་ནས་བྱུང་། ཞེས་གཤེན་རབ་མི་བོ་ཆེས་ཡིག་ལྷ་འཕྲུལ་བུ་ལ། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་བསྟན་མཛད་པ་དེ་ནི་ཞང་ཞུང་ཡ་ཐོག་གི་ཡི་གེའི་ འབྱུང་ཁུངས་ཡིན་པ་གསལ་བར་བསྟན་པ་ཡིན། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེའི་སྐོར་ནི་བརྡ་སྤྲོད་ཉི་ཤུ་བདུན་པ〔ཐོབ363ཤ2ན 2〕ལས་ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །ངོ་བོ་འཕྲུལ་ཡིག་བཞི་བཅུའོ། །དཔའ་བོ་འབྲུ་ལྔ་ལས་བྱུང་བའི། །འབྱུང་ཆེན་རིམ་པ་ཀྵ་ཀ་ཁ། །ག་ང་ཧ་ཨ་ཨཾབརྒྱད་པོ། །ནམ་མཁའི་ཁམས་ཡིན་ཨཱོྃ་ལས་བྱུང་། །འོག་མ་རྣམས་ཀྱང་དེ་བཞིན་ཏེ། །ཨེ་ཎ་ར་བྷི་ཥྚ་བརྒྱད་པོ། །མེ་ཡི་ཁམས་ཡིན་རཾ་ལས་བྱུང་། །ཨ་ཏ་ལ་ས་མྟང(མྷང་)བརྒྱད་པོ། །ས་ཁམས་ཡིན་སྲུ་ལས་བྱུང་། །ཨུ་པ་ཟ་འ་ཨཿབརྒྱད་པོ། །ཆུ་ཡི་ཁམས་ཡིན་ཁཾ་ལས་བྱུང་། །ཨི་ཙ་ཡ་ཤ་ཞ་བརྒྱད་པོ། །རླུང་གི་ཁམས་ཡིན་ཡཾ་ལས་བྱུང་། །དེ་དག་འབྱུང་ཆུང་སྡེ་ལྔ་རུ། །དབྱེ་བའི་རིམ་པ་ཀྵ་ཨེ་ཨོ། །ཨུ་ཨི་ཨཾ་ཨཿདང་བརྒྱད། །རླུང་གི་སྡེ་ཡིན་ཆེན་པོའོ། །ཀ་ཅ་ཏ་པ་ཙ་ཞ་ར། །ཧ་བརྒྱད་ས་སྡེ་དྲག་པོའོ། །ཁ་ཆ་ཐ་པ་ཚ་ཟ་ལ། །ཨ་བརྒྱད་ཆུ་སྡེ་འབྲིང་པོའོ། །ག་ཇ་ད་བ་ཛ་འ་ཤ། །བྷི་བརྒྱད་མེ་སྡེ་ཞན་པའོ། །ང་ཉ་ན་མ་ལྔ་ཡ་ས། །མྷིང་བརྒྱད་མཁའ་སྡེ་རྔུབ་པའོ། །འབྱུང་ཁུངས་སྡེ་ཚན་བརྒྱད་པོ་ལ། །ཡི་གེ་ལྔ་ལྔར་ཕྱེ་བ་ལས། །དང་པོ་ཀྵ་ཀ་ལ་སོགས་ལྔ། །མགྲིན་པའི་གནས་ལས་སྐྱེ་བ་ཡིན། །འོག་མ་བདུན་ཡང་དེ་བཞིན་ཏེ། །ཨེ་ཨོ་ཨུ་ཨི་ཨཾཿཥྚ། །སྡེ་ཚན་ལྷག་མ་བདུན་པོ་སྦྱར། །འབྱུང་ཁུངས་རིམ་པས་རྐན་ལྕེ་མཆུ། །སྣ་སོ་སྤྱི་ཁོག་བདུན་ལས་སྐྱེ། །འབྱུང་བ་རིམ་པས་ཤིང་མེ་ས། །ཆུ་རླུང་ལྕགས་རི་ནམ་མཁའོ། །ཡི་གེ་བཞི་བཞི་ཡོད་པ་ཡི། །ཀློག་པའི་ཐང་བབ་སྡེ་ཚན་བརྒྱད།  །དབྱངས་ཡིག་ལྷག་མ་བརྒྱད་དང་བཅས། །ངེས་པའི་ཐོ་ཡིག་བཞི་བཅུར་འདོད། །ཅེས་པ་དེ་རྣམས་ཀྱིས་ཞང་ཞུང་གི་ཡི་གེའི་ཕྱི་མོ་ནི་འཕྲུལ་གྱི་ཡི་གེ་བཞི་ བཅུའི་གྲངས་སུ་བཞུགས་པ་དེ་རྣམས་ཡིན་པ་དང་། འཕྲུལ་གྱི་ཡི་གེ་དེ་རྣམས་དཔའ་བོ་འབྲུ་ལྔ་ལས་བྱུང་ཡོད་པའི་ཚུལ་གསལ་དུ་བསྟན་ པ་ཡིན།

དཔའ་བོ་འབྲུ་ལྔ་རུ་གྲགས་པ་དེ་རྣམས་ནི༼ཨཱོྃ་རཾ་སྲུ་ཁཾ་ཡཾ༽ལྔ་པོ་ཡིན་ལ་རྒྱུ་ མཚན་གང་ཞིག་ལ་བརྟེན་ཏེ་འཕྲུལ་ཡིག་བཞི་བཅུ་བོ་རྣམས་དཔའ་བོ་འབྲུ་ལྔ་ལས་ཤར་བ་ ནི་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ〔ཐོབ392ཤ5ན5〕ལས་བར་སྐབས་སུ་དཔོ་བཟའ་ ཐང་མོ་བདུད་ཁྱབ་པས་བསླུས་སྐབས་གཏོ་སྒྲོམ་མེས་བསྲེགས་ཏེ་དཔའ་བོ་འབྲུ་ལྔ་ལས་ མ་ལོན་པར་དཔའ་བོ་འབྲུ་ལྔའི་ཁོངས་ནས་འཕྲུལ་ཡིག་བཞི་བཅུ་བྱུང་ཞིང་སྟོན་པས་ བྱིན་གྱིས་བརླབས་པར་མཛད་དོ། ཞེས་པས་ངེས་ཤེས་ཐུབ་ཅིང་། གཏོ་སྒྲོམ་མེས་བསྲེགས་པ་དང་། གཤེན་རབ་ཀྱི་ཕྱག་ཏུ་དཔའ་བོ་འབྲུ་ལྔ་བྱུང་བ་ལས་འཕྲུལ་གྱི་ཡི་གེ་རྣམས་བྱུང་ བའི་ཚུལ་འདི་ནི་གཤེན་རབ་ཀྱི་མཛད་མདོ་གཟེར་མིག〔ཐོབ་ག690ཤ65ན1〕ལས་སངས་པོ་ འབུམ་ཁྲིའི་ཐུགས་ཀྱི་བཅུད། ཡིག་འབྲུ་ཁྲི་དང་འབུམ་ཡོད་པའི་། ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས། གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ན། ཐ་རམ྇་རྒྱ་ཡིས་བཏབ་ནས་ཡོད། བོན་གྱི་ཕུག་ནི་འདི་ལ་ཐུག ཅེས་པས་གཏོའི་བཀའ་སྒྲོམ་ཞེས་པ་དེ་གང་ཞིག་ཡིན་པ་བསྟན་ནས་ཡང་〔65ན5〕ལས་བདུད་ ཀྱིས་བཙུན་མོའི་སྙིང་དུ་ཞུགས། དུག་ཚེར་མང་པོའི་མེར་བཏང་ནས། གཏོ་སྒྲོམ་ཡང་ཆུང་ཞུགས་ལ་གཞེན(ཞེངས)། ཡིད་ཀྱི་ཁྱེའུ་ཆུང་ཕྲད་ཀྱིས་སད། སྙིང་རྩ་འབྲེང་ཞིང་ལུས་པོ་འགུལ། ཅི་ཉེས་སེམས་ནས་བལྟས་ཙ་ན། བཙུན་མོ་དཔོ་ཟ་རྐོང་ཟ་དང་། བདུད་རྗེ་ཁྱབ་པ་ལག་རིང་གསུམ། དུག་ཚེར་མང་པོ་མེ(མེར)སྤུངས་ནས། གཏོ་སྒྲོམ་ཡང་ཆུང་སྲེག་ཅིང་སྣང་། ཁུས་བཏབ་དམག་བཟློག་བརྒྱུགས་ཙ་ན། བདུད་རྗེ་ཁྱབ་པ་ཡུལ་དུ་བྲོས་ཏེ་སོང་། ཁྱེའུ་ཆུང་གིས་མེ་ལ་རྙབས་པ་ལ། བེ་བུམ་ཚིག་འཕྲོ་སྤར་གང་ཐོབ། ཕྱི་མ་དུག་ཚེ(ཚེར)མེ་ཡིས་ཚིག ཅེས་པས་བཙུན་མོ་གཉིས་བདུད་ཀྱིས་བསླུས་ཏེ་གཏོ་སྒྲོམ་བསྲེགས་པ་དང་། ཡིད་ཀྱི་ཁྱེའུ་ཆུང་ལ་ཚིག་འཕྲོ་སྤར་གང་ཐོབ་ཚུལ་བསྟན་པ་དང་ཡང〔694ཤ67ན3〕ན་དེ་ ནས་ཡིད་ཀྱི་ཁྱེའུ་ཆུང་གིས་བདུད་ཀྱི་མེ་ནང་ནས། བེ་བུམ་ཚིག་འཕྲོ་གཅིག་ཐོབ་པ། སྟོན་པ་ལ་ཕུལ་ཞེས་དང་ཡང〔695ཤ67ན3〕ལས་བེ་བུམ་ཚིག་འཕྲོར་གཟིགསས་པས། ཡི་གེ་དཔའ་བོ་འབྲུ་ལྔ་མ་ཚིག་པར་གསལ་བར་སྣང་། ཞེས་དང་〔695ཤ67ན3〕ལས་ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས། འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་གྱེས་སོ། ཞེས་གསུངས་པས་གསལ་བར་བསྟན་ཡོད་པ་དེ་རེད། ཚུལ་འདི་ཡི་གེའི་ཐོག་མ་ཇི་ལྟར་བྱུང་བའི་ཁུངས་མཛད་སྲོལ་བྱུང་ཡོད་ནའང་ལེགས་ པར་དཔྱད་ན་བདུད་ཀྱིས་གཏོ་སྒྲོམ་དུ་ཡོད་པའི་ཡིག་འབྲུ་ཁྲི་དང་འབུམ་བསྲེགས་པ་ དེ་ཀུན་ཡི་གེ་ཡིན་པ་དང་། དེ་དུས་སུ་ཡི་གེ་ཡོད་པ་ཡིན་སྟབས་དཔའ་བོ་འབྲུ་ལྔ་ལས་ཤར་བའི་འཕྲུལ་ཡིག་འདི་ རྣམས་ཡི་གེའི་ཐོག་མར་བཞག་མི་རུང་བ་མངོན་སུམ་དུ་བསྟན་པ་ཡིན། དེ་ལྟར་ནའང་ཞང་ཞུང་གི་ལོ་རྒྱུས་ཡོད་པ་ནས་བཟུང་ཡི་གེར་བཀོད་པའི་དཔེ་འདི་ནི་ དཔའ་བོ་འབྲུ་ལྔ་ལས་ཤར་བའི་འཕྲུལ་ཡིག་དེ་རྣམས་ཡིན་སྟབས། དུས་རིམ་གོང་མའི་སྔོན་ན་ཡི་གེ་ཡོད་མེད་ལ་མ་ལྟོས་པར་ཚུལ་འདི་ནི་ཞང་ཞུང་གི་ ཡི་གེའི་ཁུངས་སུ་བརྩི་འོས་པ་ནི་སྨོས་མ་དགོས་པ་རེད།

ཡ་ཐོག་གི་འཕྲུལ་ཡིག་དེ་རྣམས་ཀྱི་རྣམ་གྲངས་བཞི་བཅུའམ་སུམ་ཅུ་སོ་བརྒྱད་ཡོད་ ཚུལ་ཞལ་གསལ་དུ་བསྟན་མོད། ཡི་གེའི་རྣམ་པའམ་བཟོ་དབྱིབས་ཇི་ལྟར་ཡིན་པའི་ཚུལ་ཞལ་གསལ་དུ་བསྟན་པ་འགའ་ཡང་ མི་སྣང་ལ་གཤེན་རབ་མི་བོ་ཆེས་བསྟན་པ་གང་ལ་བཞག་པའི་རྒྱལ་པོ༼རྒྱ་ཀོང་ཙེ་འཕྲུལ་ གྱི་རྒྱལ་པོ༽ཞེས་སུ་གྲགས་པ་དེ་སྐུ་བལྟམས་པའི་ལོ་རྒྱུས་ཏེ། གཟེར་མིག〔ཐོབ་ཁ695ཤ67ན3〕ལས་འཕྲུལ་ཡིག་ཀོང་རྩེ་སུམ་ཅུ་འཁོར་བར་བྲིས་པས། རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོར་མིང་དུ་བཏགས་སོ། ཞེས་པ་འདིར༼ཀོང་རྩེ་སུམ་ཅུ༽ཞེས་འཁོད་སྟངས་ལ་དཔྱད་ན་ཡིག་འབྲུའི་བཟོ་དབྱིབས་ ལས་ཐ་སྙད་དེ་འདྲ་ཞིག་བྱུང་བ་ལྟར་སྣང་མོད། དངོས་དོན་དུ༼ཀོང་རྩེའམ་ཀོང་ཙེ༽ཞེས་པ་དེ་ནི༼འཕྲུལ༽གྱི་དོན་ཙམ་དུ་ངེས་པ་ཡིན་ ལ། གནའ་དུས་སུ་ཞང་བོད་ཀྱི་སྐད་ཤན་སྦྱར་གྱི་ཚིག༼གུ་ལང་གསེར༽ཞེས་པ་ལྟ་བུ་མང་པོ་ ཞིག་སྤྱད་སྲོལ་ཡོད་པ་ལྟར། ཀོང་རྩེ་ཞེས་པའི་ཚིག་འདིའང་དེ་ལྟར་དུ་བྱུང་ཡོད་པར་མངོན། ཡ་ཐོག་གི་འཕྲུལ་ཡིག་བཞི་བཅུའི་སྐོར་བརྡ་སྤྲོད་ཉི་ཤུ་བདུན་པའི་རྩ་བར་བསྟན་ པའི་ལུང་དེའི་དགོངས་དོན་གསལ་བར་རྟོགས་ཐུབ་པའི་ཆེད་དུ་འདིར་བརྡ་སྤྲོད་ཀྱི་ གཞུང་རང་གི་ཟུར་བརྒྱན་ཁྱེར་བདེར་བཀོད་པ་ཞིག་ཡོད་པའི〔ཐོབ619ཤ1ན1〕ལས་དཔའ་བོ་ འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་ནི།

ཀྴ་ཀ་ཁ་ག་ང་ཧ་ཨ་ཨཾ་ནམ་མཁའི་ཁམས་ཨཱོྃ་ལས་བྱུང་། ཨེ་ཅ་ཆ་ཇ་ཉ་ར་བྷེ་ཥྚ་མེ་ཁམས་རཾ་ལས་བྱུང་། ཨོ་ཏ་ཐ་ད་ན་ལ་མྷིང་ས་ཁམས་སྲུཾ་ལས་བྱུང་། ཨུ་པ་ཕ་བ་མ་ཟ་འ་ཨཿཆུ་ཁམས་ཁཾ་ལས་བྱུང་། ཨི་ཙ་ཚ་ཛ་ཝ་ཡ་ཤ་ཞ་རླུང་ཁམས་ཡཾ་ལས་བྱུང་། འབྱུང་ཆུང་སྡེ་ལྔ་ལ་ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྚ་རླུང་སྡེ་ཆེན་པོ་སྟེ། གསལ་བྱེད་ཀུན་ལ་ཁྱབ་པའོ། ཀ་ཅ་ཏ་པ་ཙ་ཞ་ར་ཧ་དྲག་པོ་ས་སྡེའོ། ཁ་ཆ་ཐ་ཕ་ཙ་ཟ་ལ་ཨ་འབྲིང་བོ་ཆུ་སྡེའོ། ག་ཇ་ད་བ་ཛ་འ་ཤ་བྷི་ཞན་པ་མེ་སྡེའོ། ང་ཉ་ན་མ་ཝ་ཡ་ས་མྷིང་རྔུབ་པ་ནམ་མཁའི་སྡེའོ། སྒྲའི་སྐྱེ་གནས་བརྒྱད་ནི་ཀྴ་ཀ་ཁ་ག་ང་མགྲིན་སྐྱེས་ཤིང་ཁམས་སོ། ཨེ་ཅ་ཆ་ཇ་ཉ་མེ་ཁམས་རྐན་ནས་སྐྱེས། ཨོ་ཏ་ཐ་ད་ན་ས་ཁམས་ལྕེ་ལས་སྐྱེས། ཨུ་པ་ཕ་བ་མ་ཆུ་ཁམས་མཆུ་ལས་སྐྱེས། ཨི་ཙ་ཚ་ཛ་ཝ་རླུང་ཁམས་སྣ་ལས་སྐྱེས། ཨཾ་ཞ་ཟ་འ་ཡ་ལྕགས་ཁམས་སོ་ནས་སྐྱེས། ཨཿར་ལ་ཤ་ས་མེ་ཁམས་སྤྱི་བོ་ལས་སྐྱེ། ཥྚ་ཧ་ཨ་བྷི་མྷིང་ནམ་མཁའི་ཁམས་ཀྱི་ཁོག་པ་ནས་སྐྱེས་སོ། ། ཐང་བབ་ཀྱི་གོ་རིམ་ནི། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བྷི་མྷིང་། ཀྴ་ཨི་ཨེ་ཨུ་ཨོ་ཨཾ་ཨཿཥྚ། ཞེས་ཤེས་ཐུབ་པ་འདུག གཞུང་འདིའི་རྩ་འགྲེལ་གཉིས་ཀར༼ཞ༽དྲག་པོ་ས་སྡེར་བཞག་པ་དང༼ཤ༽ཞན་པ་མེ་སྡེར་བཞག་ འདུག་མོད། སྒྲའི་འགྲེལ་ལ་དཔྱད་ན ༼ཤ༽དྲག་པོ་ས་སྡེ་དང༼ཞ༽ཞན་པ་མེ་སྡེར་གཏོགས་པ་ཞིག་ཡིན་དགོས་པ་འདྲ་འདུག ལེགས་བཤད་རིན་པོ་ཆེའི་མཛོད་དུ་མདོ་ལུང་དྲངས་པ་དེའི་ཁུངས་ནི་གཤེན་རབ་མི་ ཆེའི་མཛད་མདོ་འབྲིང་བོ་གཟེར་མིག〔ཐོབ་ཁ787ཤ113བ2〕ལས་ཡིག་འབྲུ་སུམ་ཅུས་བོན་ གྱི་ཁོག་པ་ཕུབ། །མགོ་ཡིས་ལམ་དྲངས་ཤད་ཀྱི་མདོ་ཡང་བཅད། །ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་བསྙམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་གསལ་བ་དེ་ཡིན་ལ་མདོ་ལུང་དེའི་དགོངས་དོན་ངེས་པ་ནི༼ཡི་གེ་སུམ་ཅུས་བོན་ ཁོག་ཀྱང་ཕུབ༽ཅེས་གསུངས་པ་དེ་ནི་མིང་གཞིའི་ཡི་གེ་ཀ་ཁ་ག་ང་སོགས་ནས་ཧ་དང་ཨའི་ བར་གྱི་གསལ་བྱེད་སུམ་ཅུ་ཡོད་པ་དེ་དག་ལ་དགོངས་ནས་གསུངས་ཡོད་པར་ངེས་ཤིང་། སྤྱིར་བཏང་སྒྲའི་འདུ་བྱེད་ཅུང་དྲག་པ་ཨ་ཡིག་དང་། དེ་ལས་ཅུང་ཟད་དམན་པ་འ་ཡིག་དག་ལ་དབྱངས་ཀྱི་ནུས་པ་ཡོད་སྟབས་དབྱངས་ཡིག་གི་ ཁོངས་སུ་གཏོགས་པ་ལས་གསལ་བྱེད་ཀྱི་ཁོངས་སུ་བརྩི་མི་རུང་བ་འདྲ་ཞིག་ཏུ་སྣང་ མོད། ཞང་བོད་ཀྱི་ཡིག་གཟུགས་སུ་ཡི་གེའི་ལུས་དངོས་ཡོད་པ་ལ་གསལ་བྱེད་དང་གི་གུ་དང་ ཞབས་ཀྱུ། འགྲེང་བུ། ན་རོ་ལྟ་བུ་ཡི་གེའི་ལུས་རྒྱུན་དུ་གྱུར་བ་ཙམ་ལས་ཡི་གེའི་ལུས་དངོས་མེད་པ་དེ་ རིགས་ལ་དབྱངས་ཡིག་གི་ཐ་སྙད་བྱེད་སྲོལ་ཡོད་སྟབས་དོན་ལ་འགལ་བ་གང་ཡང་མེད་པ་ ཡིན། གཟེར་མིག〔ཐོབ་ཁ696ཤ68ན5〕ལས་ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས། འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་གྱེས། སྟོན་པའི་ཐུགས་རྗེས་བོན་གྱི་བསྟན་པ་དར་ཞིང་རྒྱས་པར་གྱུར། ཅེས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་དང་དབྱངས་ཡིག་ལྷག་མ་བརྒྱད་དུ་གྲགས་པ་དེ་ རྣམས་གཅིག་ཏུ་བསྡོམས་པས་འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་དུ་གསུངས་ཡོད་པར་ བརྟེན། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཕུབ་པར་བཤད་པ་དེའི་དོན་ནི་གསལ་བྱེད་སུམ་ཅུ་ལ་ དགོངས་ཡོད་པ་གསལ་བར་མངོན་ཐུབ་པ་ཡིན།

རིན་ཆེན་གཏེར་ཁྱིམ་དང་བརྡ་སྤྲོད་ཉི་ཤུ་བདུན་པའི་རྩ་འགྲེལ་དང་བཅས་པ་རྣམས་སུ་ དཔའ་བོ་འབྲུ་ལྔ་ལས་བྱུང་བའི་འཕྲུལ་ཡིག་བཞི་བཅུའི་གྲངས་སུ་བཤད་པ་དེ་དང་གཟེར་ མིག་ལས་འཕྲུལ་ཡིག་སུམ་ཅུ་རྩ་བརྒྱད་ཀྱི་གྲངས་སུ་བཤད་པ་འདི་གཉིས་ཕན་ཚུན་འགལ་ བ་འདྲ་ཞིག་ཏུ་སྣང་མོད། དངོས་དོན་དུ་འགལ་བ་གང་ཡང་མེད་པ་ནི་ཀ་ཁ་སོགས་ནས་ཨའི་བར་གསལ་བྱེད་སུམ་ཅུ་ཐམ་ པ་དང་། ཀྵ་མགོ་དང་ཥྚ་ཤད་གཉིས་མ་གཏོགས་བྷི་མྷང་ཨི་ཨུ་ཨེ་ཨོ་ཨཿབཅས་དབྱངས་ཡིག་ལྷག་མ་ བརྒྱད་དུ་གྲགས་པ་དང་། དེ་ཀུན་གྱི་ཐོག་ཏུ་ཀྵི་ཥྚི་གཉིས་བསྣན་པས་འཕྲུལ་ཡིག་བཞི་བཅུར་འགྱུར་བ་སྟེ་ དངོས་དོན་དུ་མགོ་ཤད་གཉིས་འཕྲུལ་ཡིག་གི་གྲངས་སུ་བརྩིས་མ་བརྩིས་ཀྱི་ཁྱད་ཙམ་ ལས་གཞན་མེད། ཡང་མདོ་ལུང་ལས༼མགོ་ཡིས་ལམ་དྲངས༽ཞེས་གསུངས་པ་དེའི་དགོངས་དོན་ནི་བརྡ་སྤྲོད་ ཉི་ཤུ་བདུན་པ〔ཐོབ་367ཤ4ན4〕ལས་ཀྵ་ནི་མགོ་ཡི་ལམ་འདྲེན་ཡིན་ཞེས་པ་དང་། རང་འགྲེལ〔445ཤ32ན2〕ལས་དེ་ཡང་ཞང་ཞུང་སྐད་དུ་ཀྵ་དང་བོད་སྐད་དུ་མགོ་ཞེས་བྱ་སྟེ། ཡི་གེའི་མགོ་ཡི་ལམ་སྣ་འདྲེན་པའི་དང་མའམ་ཐོག་མ་ཡིན་ནོ། །ཞེས་པས་གསལ་བ་སྟེ། ཡིག་གཟུགས་ཀྱི་རྣམ་པར་འོག་འདེགས་དང་ལྡན་པའི་གཡུང་དྲུང་གི་རིས  འདི་ལྟ་བུ་ཞིག་ཡོད་པ་དེ་ནི་བོད་ཡིག་དབུ་ཆེན་གྱི་ཡིག་མགོ༼༄༅། ། ༽ འདི་དང་ཆ་འདྲ་བ་ཞིག་ཏུ་སྣང་། ༼ཤད་ཀྱིས་མདོར་ཡང་བཅད༽ཅེས་པའི་དགོངས་དོན་ནི་བརྡ་སྤྲོད་ཉི་ཤུ་བདུན་པའི〔367ཤ4 ན5〕ལས༼ཥྚ་ནི་ཤད་དེ་མདོ་ཡང་གཅོད།༽ཅེས་པ་དང་རང་འགྲེལ་གྱི〔445ཤ32ན4〕ལས་ཞང་ཞུང་ སྐད་དུ་ཥྚ་དང་བོད་སྐད་དུ་ཤད་ཅེས་བྱ་སྟེ། ཚིག་གི་མདོ་ཡང་གཅོད་པའི་ནུས་པ་ཅན་ཞེས་པས་བསྟན་པ་སྟེ། ཡིག་གཟུགས་ཀྱི་དབང་དུ་བྱས་ན༼  ༽ འདི་ལྟར་དུ་སྣང་བ་དེ་ནི་བོད་ཡིག་དབུ་ཅན་གྱི་ཤད༼།༽འདི་དང་མཚུངས་པ་ཡིན། ༼ ཚེག་གིས་བར་ཕྱེ ༽ཞེས་པའི་དགོངས་དོན་ནི་བརྡ་སྤྲོད་ཉི་ཤུ་བདུན་པའི〔445ཤ32ན3〕ལས་ཞང་ཞུང་སྐད་ དུ་ཨཿདང་བོད་སྐད་དུ་ཚེག་དྲག་ཅེས་བྱ་སྟེ་ཡས་མར་གྱི་བར་འབྱེད་པར་བྱེད་དོ། །ཞེས་པས་གསལ་བ་སྟེ། ཡིག་གཟུགས་དངོས་ལ༼吕༽འདི་ལྟ་བུ་ཐིག་གྲུ་བཞི་ཉིས་རྩེགས་སུ་ཡོད་པ་འདི་ནི་བོད་ ཡིག་དབུ་ཆེན་དུ་ཡིག་འབྲུ་ཕན་ཚུན་བར་ཚེག་ཐིག༼▼༽ འདི་འབྲི་སྲོལ་ཡོད་པ་དེ་དང་དོན་གཅིག་ཅིང་། བོད་ཀྱི་གནའ་བོའི་ཡིག་རྙིང་ཏུན་ཧོང་གི་དཔེ་ལས་བྱུང་བ་མང་པོ་ཞིག་ཏུ་ཡིག་ འབྲུ་ཕན་ཚུན་བར་གཅོད་པའི་ཚེག་ལ་རྟགས༼ :༽འདི་བཞིན་ནག་ཐིག་ཉིས་རྩེགས་སུ་བྲིས་པ་དང་སྐབས་འགར་འབྲུ་ཕན་ཚུན་བར་གཅོད་པ་ ལ་ནག་ཐིག་རེ་ལས་མེད་ནའང་ཚིག་དོན་གྱི་མཚམས་འབྱེད་པའི་ཆེད་དུ་ནག་ཐིག་ཉིས་ རྩེགས་སུ་འབྲི་སྲོལ་བྱུང་ཡོད་པ་དཔེར་ན་ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ གི〔p1 580ཕ51〕ལས་བཙན་པོ:དབྱརད:ལྟམ:གྱྀ་ར་སྔོན་ན་བཞུག་སྟེ། དགུན་ཉ་མངས་ཚལ:དུ་གཤེགས་ཞེས་པས་ཤེས་ཐུབ་པ་ཡིན། ༼སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་ཤེས་བཏགས།༽ཞེས་པའི་དགོངས་དོན་ནི་སྐབས་ ཀྱི་སྦྱོར་བ་གོང་གསལ་གྱི་མགོ་འདྲེན་དང་། མདོ་གཅོད། ཚེག་དྲེག་འདི་གསུམ་ཙམ་དུ་མ་ཟད། གཞན་ཡང་བརྡ་སྤྲོད་ཉི་ཤུ་བདུན་པའི〔367ཤ4ན5〕ལས་བྷི་ནི་ར་སྟ་མྷང་ཡ་སྟ། ཨི་ནི་གུ༼ གི ༽གུ་ཨུ་ཞབས་སྐྱུ༼ཀྱུ༽། ཨེ་ནི་འགྲེང་བུ་ཨོ་ན་རོ། ཨཾ་ནི་མ་བཞག་ཐིག་ལེ་ཡིན། ཞེས་པ་དང་དེའི་རང་འགྲེལ〔446ཤ32ན4〕ལས་དེ་ཡང་ཞང་ཞུང་སྐད་དུ་བྷི། རྟག་གཟིགས་སྐད་དུ་རི། བོད་སྐད་དུ་ར་སྟ། ཞང་ཞུང་སྐད་དུ་མྷང་། རྟག་གཟིགས་སྐད་དུ་ལི། བོད་སྐད་དུ་ཡ་སྟ་ཞེས་སོ། །ཞེས་པ་དང་ཡང〔447ཤ33ན3〕ན་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་ཀམ་སོགས་སྦྱོར་བའི་དོན་ དུ་ཨམ་ཞེས་ཏེ། མ་བཞག་པ་ཐིག་ལེར་བསྒྱུར་བ་ཡིན་ནོ། །ཞེས་པ་འདི་རྣམས་ཀྱིས་སྐབས་སྦྱོར་གྱི་དོན་གང་ཡིན་པ་དང་། བྷི་དང་མྷང་དུ་གྲགས་པ་དེ་རྣམས་ར་སྟ་དང་ཡ་སྟའི་མིང་ཡིན་པའང་ཤེས་ཐུབ་པ་ཡིན། ལེགས་བཤད་རིན་པོ་ཆེའི་མཛོད〔པེ159ཕ16〕ལས་དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་ སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། ཞེས་པ་སོགས་ཀྱིས་གཤེན་རབ་མི་བོ་ཆེས་མཛད་པའི་འཕྲུལ་གྱི་ཡི་གེ་དེ་ནི་སྟག་ གཟིག་གི་སྤུངས་ཡིག་ཅེས་པར་ངོས་འཛིན་གནང་ཡོད།

སྟག་གཟིག་སྤུངས་ཡིག་གི་སྐོར།

སྟག་གཟིག་གི་སྤུངས་ཡིག་དེ་ལས་ཞང་ཞུང་གི་ཐོག་མའི་ཡིག་གཟུགས་བྱུང་བའི་ཚུལ་ གསུངས་ཡོད་འདུག་པ་འདི་ནི་དུས་ཕྱིས་ཀྱི་བོན་པོ་ཚོས་གཤེན་རབ་མི་བོ་ཆེ་གང་དུ་ སྐུ་འཁྲུངས་ཤིང་། ཁོང་གིས་བོན་བསྟན་པའི་གནས་ཀྱི་གཙོ་བོ་འོལ་མོ་ལུང་རིང་དུ་གྲགས་པ་དེ་སྟག་ གཟིག་གི་ཡུལ་དུ་ཡོད་པར་བཤད་སྲོལ་ཡོད་པ་དེའི་ལུགས་སུ་བྱས་ཏེ་སྐབས་འདིར་ཡང་ སྟག་གཟིག་གི་སྤུངས་ཡིག་དེ་ཞང་ཞུང་ཡིག་རྒན་གྱི་ཁུངས་སུ་བཤད་པ་ཙམ་ཞིག་ཡིན་པ་ ལས། གཞན་པའི་རྒྱུ་མཚན་འགའ་ཡང་མེད། ཆོས་ཀྱི་ལུགས་སུ་ལེགས་སྦྱར་ལ༼ལྷའི་སྐད༽ཅེས་ཟེར་སྲོལ་ཡོད་པ་དེའི་ཤན་ཞུགས་ནས། འདིར་དག་པ་ལྷའི་ཡི་གེ་ཞེས་ཆེ་བརྗོད་པ་བཅས་ཏེ་བཤད་ཡོད་པའང་གསལ་པོར་མཐོང་ཐུབ། གང་ལྟར་ཡང་བཤད་ཚུལ་དེ་ནི་མངོན་སུམ་གྱི་རིག་པ་དང་འགའ་བ་ཞིག་ཏེ། སྟག་གཟིག་གི་སྤུངས་ཡིག་ཏུ་གྲགས་པའི་ཡིག་གཟུགས་འདི་ནི་དེང་དུས་རྒྱ་གར་དུ༼ ཨུདྡྷུ༽ཞེས་བྱ་བར་ཨ་རབ་དང་པར་སིག་གི་ཡུལ་སོགས་ཁ་ཆེའི་མི་རིགས་དང་ཆོས་ལུགས་ པ་རྣམས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་ཡིག་གཟུགས་འདི་ལ་ཟེར་བ་ཡིན། སྟག་གཟིག་གི་སྤུངས་ཡིག་ལ་དབྱངས་གསལ་གྱི་རྩ་བ་ཤིན་ཏུ་ཉུང་ངུ་ཞིག་ལས་སུམ་ ཅུའི་གྲངས་མེད་ཅིང་།

ཞང་ཞུང་གི་ཡིག་རྒན་ལ་གསལ་བྱེད་ཀྱི་གཙོ་བོ་ལུས་ལྟ་བུ་སུམ་ཅུ་དང་དབྱངས་རྟགས་ རྒྱན་ཆ་ལྟ་བུ་བཞི་རུ་གྲངས་ངེས་པ་དང་། སྟག་གཟིག་གི་སྤུངས་ཡིག་ཏུ་དབྱངས་དང་འདོགས་ཀྱི་རིགས་རྣམས་ཡི་གེའི་རང་ལུས་ ཡིན་པ་ལས། སྟེང་འོག་ཏུ་སྦྱོར་སྲོལ་མེད་ལ་ཞང་ཞུང་ཡིག་རྒན་གྱི་དབྱངས་དང་འདོགས་ཀྱི་བྱེ་ བྲག་རྣམས་ལུས་ཀྱི་མཛེས་རྒྱན་བཞིན་སྟེང་འོག་གང་འོས་སུ་སྦྱོར་དགོས་པ་དང་། སྟག་གཟིག་གི་སྤུངས་ཡིག་དེ་གཡས་ངོས་ནས་གཡོན་ངོས་སུ་འབྲི་དགོས་པ་དང་ཞང་ཞུང་ གི་ཡིག་རྒན་ནི་ཡིག་རིགས་གཞན་དག་ལྟར་གཡོན་ངོས་ནས་གཡས་ངོས་སུ་འབྲི་སྲོལ་ཡོད་ པ་དང་། སྟག་གཟིག་གི་སྤུངས་ཡིག་ལ་དམིགས་བསལ་གྱི་ཡིག་མགོ་འབྲི་བའི་སྲོལ་མེད་ལ། ཞང་ཞུང་གི་ཡིག་རྒན་དུ་ཤོག་ལྡེབ་རེ་བཞིན་ཡིག་མགོ་འབྲི་དགོས་པ་དང་། སྟག་གཟིག་གི་སྤུངས་ཡིག་ལ་ཚིག་ཕན་ཚུན་མཚམས་གཅོད་པ་ཙམ་ལས་དམིགས་བསལ་གྱི་ཚེག་ འབྲི་སྲོལ་མེད་ལ། ཞང་ཞུང་གི་ཡིག་རྒན་དུ་ཚིག་ཕན་ཚུན་མཚམས་གཅོད་པའི་ཆེད་ཚེག་ཡོད་པ་སོགས་ཕྱོགས་ ཀུན་ནས་མི་འདྲ་བའི་ཁྱད་ཧ་ཅང་ཆེན་པོ་ཞིག་ཡོད་ངེས་པ་ནི་ཡི་གེ་ལ་ཆ་རྒྱུས་རྩ་བ་ ནས་མེད་པའི་བློ་གསར་བ་ཞིག་གིས་བལྟས་ནའང་གསལ་བོར་ཤེས་ཐུབ་པ་ཡོད། དཔེར་ན་བོད་སྐད་དུ༼ཞིང་བཟང་མི་ཡི་ནོར་བུ་ཡིན། ༽ཞེས་བྱ་བའི་ཚིག་སྒྲུབ་དེ། ཞང་ཞུང་གི་སྐད་དང་ཡིག་རྒན་གྱི་འབྲི་ཚུགས་སུ

http://www.tibetology.ac.cn/images/stories/gz/2011.10/28-257808-11.jpg

ཞེས་པ་འདི་ལྟར་དུ་བྱུང་ལ་ཚིག་སྒྲུབ་དེ་པར་སིག་གི་སྐད་ཡིག་ཏུ

http://www.tibetology.ac.cn/images/stories/gz/2011.10/28-953807-22.jpg

དཔེ་ཞེས་གཡས་ངོས་ནས་གཡོན་ཕྱོགས་སུ་འབྲི་ཀློག་བྱེད་དགོས་པ་དང་། ཡི་གེའི་འབྲི་གཟུགས་ལ་དཔྱད་ནའང་རྣམ་པ་རྩ་བ་ནས་མི་འདྲ་བ་མངོན་སུམ་དུ་མཐོང་ ཐུབ་པ་ཡོད།

སྤྱིར་ཞང་ཞུང་གི་སྐད་ལ། ཞང་ཞུང་སྨར་གྱི་སྐད་དང་དར་མའི་སྐད། དིར་མའི་སྐད། དར་མ་དིར་གྱི་སྐད། གུ་གེའི་སྐད་དང་ཕལ་པོ་གླང་གི་སྐད་སོགས་མི་འདྲ་བ་འགའ་རེ་ཡོད་པ་ལས་གཟུགས་སྨར་ གྱི་སྐད་ནི་ཞང་ཞུང་དབུས་ཀྱི་སྐད་དེ་ཞང་ཞུང་གི་སྐད་རིགས་ཐམས་ཅད་ཀྱི་མཆོག་ཏུ་ བསྔགས་པ་དང་། གུ་གེའི་སྐད་ནི་ཞང་ཞུང་གི་ཡིག་སྐད་དང་། གཞན་དར་མའི་སྐད་ནི་ཞང་ཞུང་ལྷོ་པ་དང་། དིར་མའི་སྐད་ནི་ཞང་ཞུང་བྱང་བ། དར་མ་དིར་ནི་ཞང་ཞུང་སྟོད་སྨད་ཕལ་པའི་སྤྱི་སྐད་དུ་ངོས་འཛིན་སྲོལ་ཞིག་བྱུང་ ཡོད།

ཞང་ཞུང་གི་སྐད་རིགས་ལ་མི་འདྲ་བ་འགའ་རེ་བྱུང་ཡོད་པར་བརྟེན། ཞང་ཞུང་གི་ཡིག་གཟུགས་ལའང་མི་འདྲ་བ་འགའ་རེ་བྱུང་ཡོད་པ་ནི་སྨོས་མ་དགོས། ཞང་ཞུང་གི་ཡིག་གཟུགས་མི་འདྲ་བ་འགའ་རེ་བྱུང་མྱོང་བའི་ནང་ཚན་དུ་ཞང་ཞུང་གི་ དྲག་ཡིག་ཅེས་པ་ཞིག་བྱུང་ཡོད་པའི་ཚུལ་ནི་འབེལ་གཏམ་ལུང་གི་སྙིང་པོ〔ཤ37ཕ20〕ལས་ གཞན་ཡང་ཞུང་ཞུང་གི་དྲག་ཡིག་ཅེས་པའང་ཡོད་པའི་དཔེ་རིས་ཀྱི་རྒྱུན་ཡོད་པ་ནི་ སྔར་ཞང་ཞུང་གི་སད་ནེ་གའུས་བོད་རྒྱལ་གྲི་གུམ་གྱི་དུས་སུ་རྟ་ནག་དུང་ཕོར་དུ་ གཏེར་དུ་སྦས་དུས་ཞང་ཞུང་གི་དྲག་ཡིག་དང་བོད་ཡིག་འདྲེས་མར་གྱི་ཐོག་ཏུ་བྲིས་པ་ ཕྱིས་ཉིད་ཀྱི་སྤྲུལ་སྐུ་གུ་རུ་རྣོན་རྩེས་གཏེར་ཐོན་པ་དེ་ཁོང་གི་གཏེར་སློབ་ གཉལ་སྟོན་གཞོན་ནུ་འབུམ་གྱིས་གཏེར་དཔེའི་ཐོག་ནས་དཔེ་བཤུས་པ་ཡིན་ཏེ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་བ་གཏེར་མ་ལས། སྤྲུལ་སྐུ་གུ་རུ་རིན་པོ་ཆེ་ལ་བདག་བཙུན་པ་གཞོན་གྱིས་ཞུས་ནས། དར་དཀར་དངོས་ལ་བྲིས། མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་འདྲ་དང་། བོད་ཡིག་འདྲེས་མར་སྣང་ངོ་ཞེས་དང་འགྲེལ་གྱི་དབུ་འཆད་ལས། ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང་། ཞེས་གསུངས། ཞང་ཞུང་གི་དྲག་ཡིག་འདི་གཏེར་དཔེ་དར་དཀར་ངོས་ལས་གཞོན་གྱིས་བཤུས་པའི་དཔེ་དེ་ ཉིད་ལས། བླ་མ་གཡུང་དྲུང་སྙིང་པོས་བྲིས་པ་འདི་ལྟར།

http://www.tibetology.ac.cn/images/stories/gz/2011.10/28-944346-44.jpg

ཚུལ་འདི་རྣམས་ཀྱིས་ཞང་ཞུང་གི་ཡི་གེའི་ཚུལ་རྣམས་གསལ་བར་ཤེས་ཐུབ་པར་མངོན། ཞེས་ཞང་ཞུང་དྲག་ཡིག་གི་འདྲ་དཔེ་འདི་འདྲ་དཔེ་རྙིང་མའི་དཔེ་དེབ་ཞིག་རང་རེའི་ དབང་པོའི་མངོན་སུམ་དུ་བསྟན་ཡོད་པ་གོང་གསལ་ལོ།

བོད་རིགས་གཞོན་སྐྱེས་ཨ་མདོའི་ཕྱོགས་ཀྱི་མཁས་པ་ཚེ་རིང་ཐར་ལགས་ནས༼བོད་ཡིག་གི་ འབྱུང་གཞིར་གསར་དུ་དཔྱད་པ༽ཞེས་པའི་རྩོམ་བྲིས་ཤིག་བཀོད་འདུག་པ་དེའི་ནང་དུ་ བོད་ཡིག་ཐོག་མའི་འབྱུང་ཁུངས་ཞང་ཞུང་གི་སྨར་ཆུང་ཞེས་བྱ་བ་དེ་ཡིན་པ་དང་སྨར་ ཆུང་གི་འབྲུ་ཚུགས་ཇི་ལྟར་ཡིན་པའི་དཔེ་དགོན་རྙིང་འགར་ཞང་བོད་ཤན་སྦྱར་གྱི་ ཡིག་ཆ་མངོན་མཐོང་དུ་ཡོད་པ་ལས་བླངས་ཚུལ་གྱི་ལོ་རྒྱུས་དང་བཅས་ཏེ་སྐད་གཉིས་ཤན་ སྦྱར་གྱི་ཀ་དཔེ་ཞིག་བཀོད་ཡོད་པ་གཤམ་གསལ།

http://www.tibetology.ac.cn/images/stories/gz/2011.10/28-658070-33.jpg

གཞན་ཡང་དེ་དག་དང་ཆ་འདྲ་བ་ཞང་ཞུང་གི་ཡིག་གཟུགས་སུ་གྲགས་པ་རང་རེར་མཐོང་མྱོང་ཡོད་པ་དང་མེད་པ་ཅི་རིགས་པ་ཞིག་ཡོད་པ་ནི་སྨོས་མ་དགོས་ནའང་ཞང་ཞུང་ཡིག་རྒན་དུ་གྲགས་པའི་ཡིག་གཟུགས་ཀྱི་ལྟེ་བ་དེ་ནི་ཞང་ཞུང་གི་སྒྲའི་དོན་སྡེབ་སྣང་གསལ་སྒྲོན་མེ་ཞེས་སུ་གྲགས་པའི་ཡིག་ཆ〔ཐོབ1ཕ16〕དེའི་དབུར་ཞང་ཞུང་འཕྲུལ་ཡིག་གི་ཀ་དཔེ་ཆ་ཚང་ཞིག་བཞུགས་ཡོད་པ་དེ་ནང་དུ་ངེས་སམ་སྙམས།ཚུལ་དེ་ལ་ངེས་ཤེས་རྙེད་ཐུབ་པའི་ཆ་རྐྱེན་ཁྱད་པར་ཅན་ཞིག་ནི་ཞང་ཞུང་ཁྱུང་ལུང་གི་རྒྱལ་པོ་ལིག་མི་རྐྱའི་ཕྱག་ཐམ་སྨན་རིའི་བླ་བྲང་གི་ནང་རྟེན་དུ་བཞུགས་ཡོད་པ་དེའི་ངོས་སུ་ཞང་ཞུང་ཡིག་རྒན་གྱི་ཚུགས་སུ༼ཁ་ཚན་པ་ཤང་ལིག་ཞི་ར་ཙ༽ཞེས་བྱ་བའི་ཡིག་འབྲུ་བརྒྱད་དེ།བོད་སྐད་དུ༼ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ༽ཞེས་བཀོད་པའི་ཕྱག་ཐམ་ད་ལྟའི་དུས་སུའང་སྨན་རི་བའི་རྟེན་སྒམ་དུ་དངོས་སུ་མཇལ་རྒྱུ་ཡོད་པས་ཤེས་ཐུབ་ལ།གནའ་དུས་ཀྱི་ཕྱག་ཐམ་ཕལ་མོ་ཆེ་ནི་རྒྱལ་པོ་གོང་རིམ་མམ་བླ་ཆེན་གོང་རིམ་གྱི་ དུས་ནས་བྱུང་བ་ཞིག་ཡིན་པ་ལས་སུ་ཞིག་གིས་བེད་སྤྱོད་གནང་བ་དེ་རང་གིས་གསར་དུ་ བཟོས་པའི་ཕྱག་ཐམ་ཤིན་ཏུ་ཉུང་བ་ཡིན་སྟབས། ལིག་མི་རྐྱའི་ཕྱག་ཐམ་འདིའང་ཁོང་གི་སྔོན་རོལ་དུ་བྱུང་བའི་རྒྱལ་པོ་གོང་མ་རྣམས་ཀྱི་ཕྱག་ཐམ་ཡིན་པ་ཤིན་ཏུ་སྲིད་ལ།ཕྱག་ཐམ་ནང་གི་ཡིག་གཟུགས་དེའང་ཆེས་སྔ་བའི་ཡིག་གཟུགས་ཤིག་ཡིན་པའང་ཤུགས་ཀྱིས་ ཤེས་ཐུབ་པ་ཡིན།ལིག་མི་རྐྱའི་ཕྱག་ཐམ་དངོས་ཀྱི་དཔེ་བཤུས་ཕྱག་ཐམ་ནང་གི་ཡིག་གཟུགས་གསལ་བར་བཀོད་པའི་དཔེ་རིས།

http://www.tibetology.ac.cn/images/stories/gz/2011.10/28-126469-55.jpg

ལིག་མི་རྐྱའི་ཕྱག་ཐམ་ནང་གི༼ཁ་ཚན་པ་ཤང་ལིག་ཞི་ར་ཙ༽ཞེས་པའི་ཡིག་འབྲུ་བརྒྱད་པོའི་གོ་དོན་བོད་སྐད་དུ༼ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ༽ཞེས་བྱ་བའི་དོན་ལ་འཇུག་ཅིང་ཕྱག་ཐམ་འདི་དུས་རིམ་གཉིས་པའི་ནང་གི་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་རྒྱལ་པོ་ལིག་མི་རྐྱའི་ཡིན་པ་སྐད་དུ་གྲགས་མོད།དངོས་དོན་དུ་ཞང་ཞུང་གི་སྐད་དུ༼ལིག་མི་༽དང༼ལིག་ཞི༽ཞེས་པ་དག་བོད་སྐད་དུ༼སྲིད་པ་༽ལ་འཇུག་པ་དང་།༼རྐྱ༽ཞེས་པ་ནི༼རྗེ་༽ཞེས་པ་སྟེ།༼ལིག་མི་རྐྱ༼ཞེས་པའི་མཚན་དོན༼སྲིད་པའི་རྗེ༽ཡིན་སྟབས།མཚན་དེ་ནི་ཤིན་ཏུ་མངའ་དབང་ཆེ་བའི་རྒྱལ་པོ་རྣམས་ཀྱི་སྤྱི་མཚན་ཞིག་ལས་སྐུ་ སྒེར་གྱི་མཚན་མིན་པས་ཕྱག་ཐམ་འདི་ནི་ཕལ་ཆེར་དུས་རིམ་གཉིས་པའི་སྐབས་ཀྱི་རྒྱལ་ པོ་རྣམས་ནས་རིམ་པར་བརྒྱུད་པ་ཞིག་ཀྱང་ཡིན་སྲིད། ཞང་ཞུང་གི་སྨར་ཡིག་གམ་ཞང་ཞུང་ཡིག་རྒན་དུ་གྲགས་པ་དེའི་ཡིག་གཟུགས་ནི་གཤམ་གསལ།

http://www.tibetology.ac.cn/images/stories/gz/2011.10/28-392804-77.jpgཞུང་སྨར་གྱི་སྐད་དང་ཞང་ཞུང་ཡིག་རྒན་གྱི་སྡེབ་སྦྱོར་ཇི་ལྟར་ཡིན་པའི་ཚུལ་དེ་ བོན་གྱི་ཤེས་བྱ་རིག་པའི་གནས་ཀུན་ལ་མཁས་པའི་རྩེར་སོན་པ་དཔལ་ལྡན་ཚུལ་ཁྲིམས་ ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ༼སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་ དོ་ཤལ༽ཞེས་བྱ་བའི་དབུའི་མཆོད་བརྗོད་དུ་སྐད་གཉིས་ཤན་སྦྱར་དུ་བཞུགས་པ་ནི་འདི་ ལྟ་སྟེ།

ཞང་བོད་རིག་གནས་དང་རྒྱལ་རོང་སྐོར་ལས་འཕྲོས་པའི་གཏམ།

དཀོན་མཆོག་རྡོ་རྗེ། 2012ལོའི་ཟླ 04ཚེས 09ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

སྤྱིར་ བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཅུང་ཡོད་པའི་མི་ཞིག་ཡིན་ནས་བཟུང་རྒྱལ་མོ་རོང་དེ་ བོད་རིགས་ཡིན་མིན་སྐོར་ལ་ཐེ་ཚོམ་ཏིལ་འབྲུ་ཙམ་ཡང་ཟ་མི་དགོས་རུང་། དེང་སྐབས་རྒྱ་ཡིག་ལ་མཁས་ཉམས་ཆེ་བའི་མི་རེ་ཟུང་གིས་སྐད་བརྡ་རིག་པ་སོགས་ཀྱི་ ཁུངས་ལུང་མང་དག་དྲངས་ནས་རྒྱལ་རོང་གི་སྐད་དེ་བོད་སྐད་ལས་གཞན་པའི་སྐད་རིགས་ ཤིག་ཡིན་པ་དང་རྒྱལ་རོང་བོད་རིགས་ཀྱང་ཧ་ལམ་མ་ཡིན་པའི་འཁྱོག་གཏམ་རྙོག་འཛིང་ ཆེ་བ་མང་དག་སྤེལ་བཞིན་འདུག གལ་ཏེ་རྒྱལ་རོང་སྐོར་ལ་ཞིབ་འཇུག་གནང་མཁན་ཚོས་རྒྱའི་ཡིག་ཚང་ཁོ་ན་ལ་གཞིར་ བཟུང་ན་རྒྱལ་རོང་གི་ལོ་རྒྱུས་ཁུངས་གཙང་མ་ཞིག་བཙལ་དཀའ་བ་ང་ཚོས་ཤེས་བཞིན་པ་ ལྟར་རེད། དེ་བས་ང་ཚོས་རྒྱལ་རོང་ལ་ཞིབ་འཇུག་གནང་སྐབས་ཐོག་མར་བན་བོན་གྱི་གནའ་དཔེ་དང་། ཞང་བོད་ཀྱི་གནའ་བོའི་ཤེས་རིག་ལོ་རྒྱུས་མང་དག་དཔྱད་གཞིར་འཛིན་ན་གཞི་ནས་བན་ བོན་གྱི་ཕྱོགས་རིས་བྲལ་བའི་རྒྱལ་རོང་གི་ལོ་རྒྱུས་ཡང་དག་པ་ཞིག་ཤེས་ཐུབ་རྒྱུ་ གདོན་མི་ཟའོ། །འུ་ཅག་རྗེས་རབས་པ་ཚོས་རྒྱལ་རོང་སྐོར་ལ་མུ་མཐུད་ནས་མཐོང་ཆེན་དང་ཞིབ་འཇུག་ ལེགས་པོ་ཞིག་མ་བྱས་ན་ནམ་ཞིག་བོད་མི་རང་གིས་རྒྱལ་རོང་གི་ལོ་རྒྱུས་འབྱུང་ ཁུངས་ཡང་དག་པ་ཞིག་བཤད་མི་ཤེས་པར་གྱུར་ནས་ལོ་རྒྱུས་འཁྱོག་བཤད་བྱེད་མཁན་དེ་ དག་གི་བཤད་སྟངས་དེ་ཚད་མར་འཛིན་པའི་ཉེན་ཁ་ཆེ་འདུག་པར་དོགས་ནས་འདིར་གནའ་བོའི་ བན་བོན་སྐོར་གྱི་དཔྱད་གཞིའི་ཡིག་རིགས་མང་དག་བཙལ་བ་དང་རྒྱལ་རོང་ཡུལ་དུ་ཐེངས་ མང་སོང་ནས་རྒྱལ་རོང་བོད་ཡིན་པས་མ་ཚད་རྒྱལ་རོང་ལ་ཞང་བོད་ཀྱི་ཕུན་སུམ་ཚོགས་ པའི་རིག་གནས་ཡོད་ཚུལ་སྐོར་ཅུང་ཟད་བཤད་པར་བྱའོ། །

《གངས་རྒྱལ་ཏི་སེའི་དཀར་ཆག》ཞེས་པ་ལས། གངས་ཀྱི་རྒྱལ་པོ་ཏི་སེ་ཞེས་བྱ་བ། །ཆུ་བོ་བཞི་ཡང་དེ་ཡི་རྨང་ནས་འབབ། །ལན་གསུམ་བསྐོར་ན་མཚམས་མེད་ལྔ་ཡང་དག །གཏན་ཚིགས་དེའི་ཕྱིར་གངས་ཀྱི་རྒྱལ་པོ་ཞེས། །ཐོག་མར་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས། །ཕུག་ཏེ་ཞང་ཞུང་རྒྱལ་གཤེན་བཅོ་བརྒྱད་དེ། །བར་ལ་དབུས་གཙང་ལྷོ་བྱང་ཀུན་ཏུ་ཤེས། །སྒོ་དེ་སུམ་པ་གླིང་གི་གྱིམ་ཤོད་དུ། །སྦས་པའི་ཤོད་ཆེན་བཅོ་བརྒྱད་རྒྱལ་མོ་རོང་། །ས་ཀུན་ཞང་ཞུང་མི་རྣམས་ཞང་ཞུང་གྲགས། །ཞེས་པའི་ཚིག་འདིས་ཤར་རྒྱལ་མོ་ཚ་བ་རོང་དེ་ཡ་ཐོག་གི་དུས་ནས་ཞང་ཞུང་གི་མངའ་ ཁོངས་སུ་གཏོགས་ཡོད་པ་གསལ་པོ་ཤེས་ཐུབ།

སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་བའི་ལོ་རབས་གཉིས་པའི་ནང(སྤྱི་ལོའི་སྔོན་ གྱི་1917ལོ)ཤིང་བྱི་གཅིག་དཀར་གྱི་ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉིན་བོན་ གྱི་སྟོན་པ་གཤེན་རང་མི་བོ་ཆེ་དེ་ཉིད་ཞང་ཞུང་ཡུལ་དུ་སྐུ་འཁྲུངས་པ་ནི《མདོ་ གཟེར་མིག》དང་། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》《ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང》《བོད་ ཀྱི་ལོ་རྒྱུས་པད་མའི་རྭ་གའི་ལྡེ་མིག》སོགས་ཀྱི་འདོད་པ་གཅིག་མཐུན་ཡིན། སྐབས་དེར་ཞང་ཞུང་རྒྱལ་པོ་ཁྲི་ཨེར་གསེར་གྱི་བྱ་རུ་ཅན་ཟེར་བ་དེས་ཞང་ཞུང་སྒོ་ ཕུག་བར་གསུམ་སྟེ་གངས་རི་ར་བས་བསྐོར་བའི་ལྗོངས་ཀུན་དབང་བསྒྱུར་བྱས་ནས་རིམ་ བཞིན་རྒྱལ་རབས་བཅོ་བརྒྱད་བྱུང་ཡོད་པ་དང་། དུས་མཚུངས་སུ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་དང་རིག་གནས་སྤེལ་ཏེ་ཡུལ་འདི་ བོན་གྱི་ཤེས་རིག་གིས་དབང་བསྒྱུར་བྱེད་པའི་སྲོལ་རྒྱུན་གྱི་བརྒྱུད་པ་ལ་བོན་ གྱི་བླ་རབས་བཅོ་བརྒྱད་དང་རིང་བརྒྱུད་བླ་རབས་ཉེར་བཞི་སོགས་བྱུང་ཡོད། སྟོན་པ་གཤེན་རབ་མི་བོ་ཆེས་བདུད་ཁྱབ་པ་ལག་རིང་སོགས་བདུད་རྣམས་འདུལ་དུས་སུ་ བོད་དུ་ཐོག་མ་ཞབས་བཅགས་ནས་ཀོང་པོ་ཕོན་རི་སོགས་རྒྱལ་མོ་དམུ་རྡོའི་རི་ནས་ སྟོང་རྒྱུང་སོགས་བཞུགས་པའི་འདུལ་ཞིང་དུ་གཟིགས་ཚུལ་ནི་ཡོངས་གྲགས་གྱི་ལོ་ རྒྱུས་རྣམས་ལས་ཞང་ཞུང་དང་རྒྱལ་རོང་བར་འབྲེལ་བ་ཡོད་པ་གསལ་པོ་མཐོང་ཐུབ།

ཡ་ཐོག་ཞང་བོད་མི་རིགས་དང་རྒྱལ་རོང་གི་རིགས་རུས་སྐོར།

རླངས་དཔལ་གྱི་སེང་གེའི་ཞལ་ནས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་རྒྱུད་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ། ཞེས་གསུངས་པ་ལྟར་ན་མི་རིགས་རང་གིས་རང་ཉིད་ཀྱི་ལོ་རྒྱུས་ཡང་དག་པ་ཞིག་མ་ཤེས་ ན་ཧ་ཅང་ངོ་ཚ་བའི་གནས་སུ་གྱུར། དེས་ན་འདིར་བཤད་བྱ་གཙོ་བོ་ནི་རྒྱལ་རོང་གི་སྐོར་ཡིན་པས་ཐོག་མར་རྒྱལ་རོང་གི་ རིགས་རུས་དང་། རྒྱལ་རོང་གི་ལོ་རྒྱུས། རྒྱལ་རོང་གི་སྐད་ཡིག རྒྱལ་རོང་གི་རིག་གནས། རྒྱལ་རོང་གི་རྒྱལ་རབས་སོགས་ངོ་སྤྲོད་བྱ་རྒྱུ་དགོས་གལ་ཆེ་འདུག་སྙམ།

ད་ལྟར་འཛམ་གླིང་དུ་གངས་ཆེན་མོ་ཏི་སེའི་བརྒྱུད་ནས་འགྲོ་བ་མིའི་རིགས་རིམ་ བཞིན་ཆད་པ་ཡིན་པའི་ཡོངས་གྲགས་ཀྱི་འདོད་པ་ལྟར་ན་རི་བོ་ཆེན་པོ་དེའི་ཉེ་འགྲམ་ དུ་འཚོ་བ་རོལ་བཞིན་པའི་བོད་ཀྱི་མི་རིགས་འདི་ནི་གདོད་མའི་མི་རིགས་ཡིན་པ་ སྨོས་མ་དགོས། སྔོན་བྱོན་མཁས་དབང་རྣམས་ཀྱིས་གཏམ་དང་དེབ་ཐེར་དག་ཏུ་ཁ་བ་ཅན་དང་། གངས་ཅན་པ། ཞང་ཞུང་། བྷོ་ཊ། སུམ་རྩེན་ཡུལ། བོན། བོད་ལ་སོགས་པའི་མིང་གི་བརྗོད་སྲོལ་དུ་མ་རྣམས་དེང་གི་དུས་རབས་འདིར་ཀུན་གྱི་ སྣང་ངོར་གཏན་འཇགས་སུ་གྱུར་པའི་ཐ་སྙད་ནི་བོད་རིགས་ཟེར་བ་འདི་ཡིན་ནོ། །དེང་སྐབས་བོད་ཀྱི་ལོ་རྒྱུས་བཤད་སྐབས་ཐོག་མ་ཡ་ཐོག་ཞང་ཞུང་ལ་ཁུངས་གཏུག་དགོས་ པ་ནི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་དང་ནམ་མཁའི་ནོར་བུ་སོགས་ཀྱིས་གསལ་ པོར་བཤད་ཟིན་པས་འདིར་ངལ་བར་བྱ་བའི་དགོས་པ་མི་འདུག་སྙམ།

ཞང་ཞུང་གི་མི་རྒྱུད་ལས་ཆད་པའི་རུས་ཆེན་གྱི་གཙོ་བོ་ནི། བསེ་ཁྱུང་སྦྲ་ཞེས་སུ་གྲགས་པ་དེ་ཡིན། སྤྱིར་བཏང་བསེ་ཁྱུང་སྦྲ་ཞེས་པ་དེ་སྦྲ་ལ་བསེ་ཁྱུང་ཞེས་པའི་ཁྱད་ཆོས་ཀྱི་ཚིག་ སྦྱར་བའི་ཟོལ་འདྲ་བ་སྣང་མོད། དོན་དུ་སྦྲའི་ནང་ཁོངས་སུ་གཏོགས་པའི་རུས་ཆེན་བྱེ་བྲག་པ་འགའི་ཐ་སྙད་ཅིག་ཡིན་ ལ། ཞང་ཞུང་གི་མི་རྒྱུད་དེ་དག་གཙོ་ཆེར་ཁྱུང་གི་རུས་ཆེན་ལས་གྱེས་པ་ཡིན་སྟབས། ཡུལ་ལའང་ཁྱུང་སྡེ་ཟེར། སྤྱི་རྒྱལ་མོ་རོང་གི་རྗེ་འབངས་ཐམས་ཅད་ཀྱི་གདུང་རྒྱུད་ཡང་དག་པ་ཐམས་ཅད་ནི་ སྦྲ་ཁོ་ན་ཡིན་པར་བཞེད་ལ། རིགས་དེ་རྣམས་ལ་རྒྱལ་རོང་རང་སྐད་ཀྱིས་ང་ཤུལ་ཙ་ང་ཤིས་ཙ་ངས་ཕུ་ཉེ་ཡང་ཟེར་རོ། །བོད་མི་བུ་གདོང་དྲུག་གི《རུས་མཛོད་མེ་ཏོག་སྐྱེད་ཚལ》ཞེས་བྱ་བ་ལས། བསེ་ཁྱུང་སྦྲ་ནི། སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་རང་གི་མི་ཚན་བཞིར་བཅད་པའི་ནང་གི་བསེ་ཞེས་པ་ དེ་ཡིན། དེ་ལ་བསེ་ཁྱུང་སྦྲ་ཞེས་ཟེར་ཏེ། ཇི་སྐད་དུ། སྦྲ་མིང་སྣ་ཅན་ཞེས་པ་ཕྱུག་དཔལ་ཆེ། །ཞེས་དང་། གནའ་སྒྲུང་ལས། འགག་དོག་མོ་གསུམ་ནི་སྦྲ་ལ་ཐོབ། །སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །ཞེས་སོགས་ཀྱི་དཔེ་མཚོན་གྱིས་མདོ་ཁམས་འདི་ནི་རོང་ཆེན་བཞིའི་བྱེ་བྲག་ཤར་ རྒྱལ་མོ་རོང་སོགས་རོང་གི་འགག་དོག་མོར་གནས་པའི་དོན་ཡིན་པ་ཤེས་ཐུབདམ་པ་ཁྱུང་ གི་གདུང་རབས་དངོས་རྒྱལ་རོང་དུ་མཆེད་ཚུལ་ནི། ཀུན་ཏུ་བཟང་བོའི་སྤྲུལ་བ་རིག་སྣང་འོད་ཀྱི་རྒྱལ་ཞེས་བྱ་བས་འགྲོ་བའི་དོན་ལ་ དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་ཁྱུང་གསུམ་ཞང་ཞུང་གི་ཁ་ཡུག་མེ་ཏོག་ མཛེས་པའི་ཚལ་འབབ། དེ་ལ་ཞང་ཞུང་གི་མི་རྣམས་ངོ་མཚར་སྐྱེས་ནས་མཐོང་མ་མྱོང་བའི་འདང་ཆགས་ཟེར་བ་ལ་ རྒན་པོ་ཁ་ཅིག་ན་རེ། རྭ་ཅོ་འདུག་པས་ཁྱུང་ཕོ་ཡིན་འདུག་ཟེར། དེར་ཁྱུང་གསུམ་དབྱིངས་སུ་འཕུར་ནས་སོང་བའི་ཤུལ་དུ་བལྟས་པས་སྤར་མོ་ས་ལ་རེག་ པའི་དྲོད་རླངས་ལས་སྒོ་ང་དཀར་ནག་སོགས་ཁག་བཞིར་འདྲིལ་བ་བརྡོལ་བའི་ནང་ནས་མཚན་ དང་ལྡན་པའི་ཁྱེའུ་རེ་རེ་བྱུང་བས་མིང་ཡང་ཁྱུང་ཕོ་ཞེས་བཏགས་སོ། །ཆེ་བ་ཁྱུང་དཀར་ཐོག་ལ་འབར། དེ་འོག་བྱུང་བསེ་ལྷ་ཁྱུང་། དེ་འོག་ཁྱུང་འཕགས་ཁྲ་མོ། ཆུང་བ་དམུ་ཁྱུང་རྒྱན་ཞེས་གྲགས། དེ་དག་གི་རིན་ཆེན་བླ་རྡོའི་ཕ་བོང་རེ་རེ། མ་བརྩིགས་པའི་རིན་ཆེན་སྐུ་མཁར་རེ་རེ། མ་བསྐྱིལ་བའི་གཡུ་ཡི་མཚོ་མོ་རེ་རེ། དེ་རྣམས་ཀྱིས་མངའ་བདག་ཏུ་མཛད་ཅིང་། མཁར་རེ་རེ་བཞེངས། ཐང་སྟག་ཁྱུང་འཕགས་ཁྲ་མོས་ཀྱང་གསས་ཁང་ལྷ་རྩེ་གུང་ནང་བཞེངས་ཤིང་། ཚེའི་རིག་འཛིན་བརྙེས་པས་ཞང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་ མཛད་པའི་མཐར་གཡུ་འབྲུག་སྔོན་མོའི་ཆིབས་སུ་བཞོན་ཏེ་མདོ་སྨད་རྒྱལ་མོ་རིང་དུ་ བྱོན་ནས་རྒྱལ་རོང་གི་བྲོ་ཟ་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས། དེ་ལས་བུ་འབོར་བཞི་འཁྲུངས་པས་གཡུང་དྲུང་བུ་བཞི(ཀུན་སློང་བུ་ཙ། ཁྲོ་ཙ། དབང་ཙ། དགེ་ཤིས་ཙ།)རུ་གྲགས་སོ། །བཤད་སྲོལ་དེ་ནི་ལྷ་སྒྲུང་གི་ཟོལ་ཅུང་འདྲེས་རུང་བོད་ཀྱི་ལོ་རྒྱུས་ནང་གི་ ཡོངས་གྲགས་ཀྱི་བཤད་སྲོལ་ཞིག་ཡིན་ལ། དོན་དངོས་ལ་གཞིགས་ན། ཁྱུང་འཕགས་ཁྲ་མོས་གཡུང་དྲུང་བོན་གྱི་བསྟན་པ་རྒྱལ་རོང་དུ་སྤེལ་ཕྱིར་ཁོང་མི་ གཅིག་པུ་མ་ཡིན་པར་ཁོང་དང་མཉམ་དུ་ཞང་ཞུང་གི་ཤེས་རིག་དང་། ལག་རྩལ་པ། གཡུང་དྲུང་བོན་ཆོས་སྤེལ་མཁན་སོགས་ཀྱི་ཕུལ་བྱུང་རིག་གནས་པ་མང་དག་ཁྲིད་ནས་ རྒྱལ་མོ་ཚ་བ་རོང་དུ་གནས་སྤོས་ཡོང་བ་ཤེས་ཐུབ། དེ་ཡང《བོན་གྱི་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ》ཡི་མཇུག་བྱང་ལས། དལ་འབྱོར་སྟོབས་ཆེན་ཁྲོ་ཆེན་རྒྱལ་པོ་ཡི། །གདུང་རབས་ལོ་རྒྱུས་མདོ་ཙམ་ཞིག་བསྟན་ན། །སྔོན་ཚེ་སྟག་གཟིག་འོལ་མོའི་གླིང་ཆེན་དུ། །དམུ་རྒྱལ་འཁོར་ལོ་དབང་བསྒྱུར་ཡང་ཡུམ་ལ། །སྲས་དྲུག་འཁྲུངས་པའི་གཅེན་པོ་དམུ་ཡི་རྗེ། །དེ་ནས་མི་རབས་མང་པོ་སོང་རྗེས་སུ། །ཐང་སྟག་ཁྱུང་འཕགས་ཁྲ་མོ་ཞེས་བྱ་དེས། །རྫུ་འཕྲུལ་གོམ་པས་མདོ་ཁམས་ཀུན་ཏུ་བཀོད། །ཤར་ཕྱོགས་རྒྱལ་མོ་རོང་གི་ཡུལ་དུ་བྱོན། །ལྷ་མོ་དཀར་མོ་མདངས་ལྡན་ཁབ་ཏུ་བཞེས། །དེ་ནས་དབུ་འབོར་གཡུང་དྲུང་བུ་བཞི་དང་། །བུ་དྲུག་བུ་བརྒྱད་ལ་སོགས་གྲོལ་ཚུལ་རྣམས། །ཞིབ་པར་རྒྱལ་རབས་ཤེལ་དཀར་ཕྲེང་བ་གསལ། །ཞེས་སོགས་ལས་ཁྱུང་གི་རུས་རྒྱུད་དེ་ནི་མདོ་སྨད་དང་རྒྱལ་མོ་རོང་དུ་མཆེད་ནས་ ཁྲོ་སྐྱབས་རྒྱལ་པོ་ཡང་དམ་པ་ཁྱུང་གི་གདུང་རྒྱུད་ཡིན་ཚུལ་གསལ་པོར་བཏོན་ཡོད། འོ་ན་ཁྱུང་འཕགས་ཁྲོ་མོ་རྒྱལ་རོང་ཡུལ་ལ་མ་ཕེབས་པའི་གོང་དུ་རྒྱལ་རོང་ས་གནས་ སུ་གདོད་མའི་མི་རིགས་གང་འདྲ་ཡོད་དམ་ཞེ་ན། རོང་བྲག་གནས་འགོ་དགོན་པའི་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གསུངས་ པ་ལྟར་ན། ད་ལྟ་རོང་བྲག་གི་ཉ་ག་དང་། སྤྲོ་སྣང་། ཇ་གྱུ། བྲག་སྟེང་སོགས་རྒྱལ་མོ་དམུ་རྡོའི་ཉེ་སྐོར་གྱི་མི་རྣམས་ཀྱི་རུས་ནི་སྔོན་ཆད་ སྒ་དང་སྒོ་ཡིན་ཟེར། རྒྱལ་རོང་ས་གནས་ཀུན་ཏུ་ཨ་མྱེས་སྒོ་གདོང་ཞེས་པའི་གཏམ་རྒྱུད་ངོ་མཚར་བ་ཞིག་ བཤད་སྲོལ་ཡོད་འདུགཨ་མྱེས་སྒོ་གདོང་གི་ཕའི་རུས་རྒྱུད་སྒ་དང་མའི་རུས་རྒྱུད་ སྒོ་ཡིན་པའི་བཤད་སྲོལ་དང་།ད་དུང་ས་གནས་དེ་དག་གི་ཉིན་སྲིང་གཉིས་ལས་ཉིན་མོར་ གནས་པའི་མི་རྣམས་ཀྱི་རུས་རྒྱུད་སྒ་དང་སྲིང་ངོར་གནས་པའི་མི་རྣམས་ཀྱི་རུས་ རྒྱུད་སྒོ་ཡིན་པའི་བཤད་སྲོལ་འདུག དེ་ལའང་རྒྱུ་མཚན་ཅུང་འདུག་སྙམ་སྟེ། རྒྱལ་རོང་ལ་སྒ་རུས་ཡོད་པ། དཔེར་ན། ཤྰཀྱ་མཆོག་ལྡན་གྱིས་མཛད་པའི《རོང་སྟོན་ཆེན་མོའི་རྣམ་ཐར》ལས། བདག་ཉིད་ཆེན་པོ་འཁྲུངས་ཡུལ་ནི། སྤྲུལ་བའི་ལོ་ཙྰ་བ་བེེ་རོ་ཙ་ན་ནས་ཡུན་རིང་མོར་བཞུགས་ཤིང་བྱིན་གྱིས་བརླབས་ པའི་ས། ཤར་རྒྱལ་མོ་དངུལ་ཆུའི་འགྲམ་གྱི་ཡུལ་ལྗོངས་དགེ་མཚན་ལྡན་པ་ཞིག་གོ །རིགས་ནི་རུས་ཆེན་སྒ་ཞེས་པའོ། །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་། 《འབྱུང་རྩིས་ཉེར་མཁོ་བུམ་བཟང》ལས། གདོང་ནི་ས་ཁམས་ཤ་ལ་བླ། །འབྲུ་ནི་ཆུ་ཁམས་གཡག་ལ་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ནི་བླ་ཞེས་པས། སྒ་ཡི་བླ་ནི་ལུག་དང་། སྒོ་ཡི་བླ་ནི་ར་ཡིན་པར་བསྟན། དོན་དུ་རྒྱལ་རོང་གི་གནས་མང་ཆེ་བ་བྲག་རོང་སོགས་འགག་དོག་པོའི་ཡུལ་དུ་གནས་པས་ ར་ལུག་འཚོ་སྐྱོང་བདེ་ཞིང་། ཁ་ལ་ར་ལུག་འོ་མ་འཐུང་ཞིང་། རྒྱབ་ཏུ་ར་ལུག་སྤུ་ལས་བཟོས་པའི་ལྭ་བ་དང་ར་ལུག་པགས་པ་གྱོན་སྲོལ་ད་ལྟའང་མ་ ཉམས་པར་ཡོད། གནས་ཆེན་རྒྱལ་མོའི་དམུ་རྡོའི་བླ་ཡང་ར་ཡིན་པ་དང་། རྒྱལ་མོ་དམུ་རྡོའི་གཞི་བདག་གི་ཐང་ཀའི་རི་མོ་ལའང་ར་སྤུས་བཟོས་པའི་སྟོད་ཁེབས་ མནབས་པ་ཞིག་འབྲི་སྲོལ་འདུག ཚོད་དཔག་བྱས་པར་གཞིགས་ན། གདོད་མའི་རྒྱལ་རོང་བ་ནི་ཟས་སུ་རི་དྭགས་བདའ་བ་དང་། ཤིང་འབྲས། སྔོ་རིགས་སོགས་ལ་འཚོ་བ་བརྟེན་དགོས་སྟབས་ཕལ་ཆེར་ས་མཐོ་ས་དང་། བྲག་གཟར་ས་སོགས་སུ་འཚོ་བ་སྐྱེལ་བཞིན་ཡོད་པ་འདྲ། སྐབས་དེར་གདོད་མའི་བོན་ཆོས་སོགས་ཀྱང་མང་དག་དར་ཞིང་། ཁྱུང་འཕགས་ཁྲ་མོ་རྒྱལ་རོང་ཡུལ་དུ་ཕེབས་རྗེས་ཁྱུང་གི་གདུང་རྒྱུད་རྣམས་ཆུ་ རྒྱུད་དང་ཞིང་ས་སོགས་ས་ཆ་བདེ་སར་ཆགས། འོག་གི་རྒྱལ་རོང་གི་རྒྱལ་ཕྲན་ཁག་གི་རྒྱལ་པོའི་རྒྱལ་རྒྱུད་ཀྱང་ཁྱུང་གི་གདུང་ རྒྱུད་གཙང་མ་བསྐོས་པའི་སྲོལ་དར། དེ་ནས་བཟུང་ཁྱུང་གི་གདུང་རྒྱུད་དེ་རྒྱལ་རོང་ཡུལ་ཁམས་ཙམ་དུ་མ་ཟད། མི་ཉག་དང་རེབ་གོང་། ཉག་རོང་སོགས་སུ་མཆེད་དོ། །

ཞང་ཞུང་གི་སྐད་ཡིག་དང་རྒྱལ་རོང་གི་སྐད་ཡིག་སྐོར།

《རྒྱལ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》ལས། གངས་ཅན་བོད་དེ་ཁམས་སམ་མདོ་སྨད་དབུས། །ཤར་ངོས་ཆུ་བཞི་སྒང་དྲུག་ལ་ཆགས་ཏེ། །འབྲི་རྫ་སྒང་དང་ཚ་སྒང་སྨར་ཁམས་སྒང་། །སྤོར་འབོར་སྒང་དང་རབ་སྒང་རྨ་རྫ་སྒང་། །རྔུལ་ཆུ་ཟླ་ཆུ་འབྲི་ཆུ་རམ་ཆུའི་རྒྱུད། །ཚ་རོང་ཀོང་རོང་སྟག་རོང་རྒྱལ་མོ་རོང་། །རོང་བཞི་ཤོད་བརྒྱད་ཁོག་དགུ་གྲགས་པ་ལ། །མི་རྒྱུད་དབྲ་འབྲུ་ལྡོང་གསུམ་སྒོ་དང་བཞི། །ནུ་བོ་དཔལ་ཟླ་གཉིས་དང་མི་ཚོ་དྲུག །ཞང་ཞུང་སྐད་རིགས་མང་ཡང་བསྡུས་པ་ནི། །ཕུག་པའི་སྐད་དང་སྒོ་པའི་སྐད་དང་གཉིས། །བར་བའི་སྐད་དང་ཕལ་བའི་སྐད་བཞི་ལས། །ཞང་ཞུང་སྨར་གྱི་སྐད་དེ་སྒོ་པའི་སྐད། །ཞེས་པ་སོགས་ཀྱིས་རྒྱལ་མོ་རོང་གི་སྐད་དེ་ཞང་ཞུང་སྒོ་པའི་སྐད་ཡིན་ཚུལ་བསྟན་ ཡོད། སྤྱིར་ལོ་རྒྱུས་ཀྱི་རིན་ཐང་གཙོ་བོ་ནི་ཤེས་རིག་དང་རང་གི་སྐད་ཡིག་རང་རྐྱ་ཐུབ་ པ་ཞིག་ཡོད་མེད་ལ་ཐུག་ཡོད། དེ་དག་གི་རྩ་བ་ནི་སྐད་ཡིག་ཡིན་ཞིང་། རྒྱལ་མོ་རོང་གི་ལོ་རྒྱུས་ཞིབ་འཇུག་གནང་མཁན་གྲགས་ཅན་རྒྱལ་རོང་བ་བྲག་བར་དཔལ་ ལྡན་དང་བཙན་ལྷ་ངག་དབང་སོགས་ཀྱིས་གསུང་རྒྱུར། སྔོན་ནས་ད་ལྟའི་བར་མདོ་སྨད་རྒྱལ་རོང་གི་སྐད་དེ་ཞང་ཞུང་བོད་སྐད་ཁོ་ན་ཡིན་པས་ བརྡ་རྙིང་མ་འགྱུར་བ་ཤས་ཆེ་བས། ཞང་བོད་ཀྱི་སྐད་རང་ཡིན། དཔེར་ན། ལུང་བ་ལ‘གྱེས་ཁ’། ཡུལ་ལ‘ཁྱུང་’། ཡུལ་དཔོན་ལ‘ཁྱུང་རོ’ ། རུ་དཔོན་ལ‘ད་རོ’ ། འགྲོ་ལ‘འདོང་’ ། ཤ་ལ‘རྒྱ་རི’ ། གཅིག་ལ‘ཏེ’ ། བདུན་ལ‘སྣེ’ སོགས་མང་ངོ་། །ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་དབུ་གཙོ། ཞང་བོད་རིག་གནས་ཀྱི་ཞིབ་འཇུག་པ་གྲགས་ཅན་དགེ་རྒན་ཆེན་མོ་བ་ཚེ་རིང་ཐར་གྱིས་ ཉེ་ཆར་དར་མདོ་རུ་ཞང་བོད་དང་རྒྱལ་རོང་སྐོར་གྱི་ཆེད་ཁྲིད་གནང་སྐབས། སྔོན་ཆད་འཇར་པན་སོགས་ཕྱི་རྒྱལ་གྱི་སྐད་བརྡ་རིག་པར་ཞིབ་འཇུག་གནང་མཁན་གྱི་ མཁས་པ་མང་དག་གིས་ཀྱང་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་པའི་བཤད་སྲོལ་བཏོན་ཡོད། འོན་ཏེ། ཉེ་རབས་སུ་ཁོ་ཚོས་རྒྱལ་རོང་སྐད་དེ་ཞང་ཞུང་གི་སྐད་ཡིན་པའི་ར་སྤྲོད་གསལ་པོ་ བྱུང་ཡོད་གསུང་གིན་འདུག བོད་ཀྱི་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གི་ཐོག མཁས་པ་ཚོས་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་པའི་བཤད་སྲོལ་ལ་ལམ་སང་ལན་བཏབ་ རྒྱུར། སྐད་བརྡ་རིག་པ་ཁོ་ནའི་ཐོག་ནས་རྒྱལ་རོང་སྐད་དེ་བོད་སྐད་མ་ཡིན་ཟེར་ན་རྒྱུ་ མཚན་དེ་འདྲ་མི་འདུག མི་རིགས་ཤིག་གི་སྐད་ལ་ཞིབ་འཇུག་ཡང་དག་པ་བྱ་དགོས་ན་མི་རིགས་དེའི་ལོ་རྒྱུས་ འཕེལ་རིམ་གསལ་པོ་ཞིག་ཤེས་དགོས། དཔེར་ན། ཤིང་དང་ལོ་མ་གཉིས་ཕྱིའི་རྣམ་པའི་ཐོག་ནས་ཐོག་ནས་མི་འདྲ་བས་དེ་ཁ་ཁ་རེད་ཟེར་ན་ མི་འགྲིག རྒྱལ་རོང་གི་སྐད་དེ་ས་འོག་ཏུ་ནུབ་པའི་ཤིང་གི་རྩ་བ་དང་། དབུས་གཙང་གི་སྐད་དེ་ཤིང་གི་ལོ་མ་ལྟ་བུ་རེད་ཅེས་པའི་ལྟ་བ་བཏོན་པ་རེད།

སྤྱིར་རྒྱལ་རོང་ཡུལ་དུ་ད་ལྟའང་ཡུལ་ལུང་མི་འདྲ་བ་ལ་ཡུལ་སྐད་མི་འདྲ་བ་མང་དག་ བྱུང་ཞིང་གཙོ་བོ་བཙན་ལྷ་དང་བྲག་སྟེང་སོགས་ནི་ཞང་ཞུང་སྐད་དང་། རོང་མིའི་སྐད་ནི་ཁམས་ཕྱོགས་ཀྱི་སྐད། དགེ་ཤིས་ཙ་སོགས་ནི་ས་གནས་རང་གི་སྐད་ཡིན་པའི་བཤད་སྲོལ་འདུག དཔེར་ན་རོང་བྲག་གི་བྲག་སྟེང་སོགས་ཀྱིས་བུ་མོ་ལ‘མི་ཙྭ་ཕོ’དང་། བུ་ལ‘ཀུ་ཆི་ཕོ’ཟེར། གནས་འགོ་དང་དགེ་ཤིས་ཙ་སོགས་ཀྱིས་བུ་མོ་ལ‘སི་མེ’དང་། བུ་ལ‘སྦུ་བྱི’ཟེར། རོང་མི་ཚོས་བུ་མོ་ལ‘བུ་མོ’དང་། བུ་ལ‘བུ’ཞེས་ཁམས་སྐད་དང་ཧ་ཅང་མཚུངས། མཁས་པ་ཁ་ཤས་ཀྱིས“རྒྱ་གར་རྒྱ་ནག་བོད་དང་ཞང་ཞུང་སྐད། །ཅུང་ཟད་འདྲེས་མ་རྒྱལ་མོ་རོང་གི་སྐད། །”ཟེར་བ་ལའང་རྒྱུ་མཚན་གཏན་ནས་མེད་པ་ག་ལ་ཡིན། སྤྱིར་ཧ་ལམ་མི་ལོ་བཞི་སྟོང་ཙམ་གྱི་དུས་རབས་ཀྱི་འཕེལ་འགྱུར་ཁྲོད་སྐད་ཅུང་ འདྲེས་འགྲོ་བ་ཡང་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་རིགས་རུས་དང་སྲོལ་ལུགས། སྐད་ལུགས་མི་འདྲེས་པ་ཞིག་ག་ལ་ཡོད་སྲིད། རྒྱལ་རོང་གི་སྐད་ཀྱང་ཚ་ཁོག་རང་མིའི་སྐད་དང་། ཞང་ཞུང་སྐད། ཁམས་སྐད་དང་ཨ་མདོའི་སྐད། རྒྱ་གར་སྐད་དང་རྒྱ་ནག་སྐད་སོགས་འདྲེས་ཀྱང་སྲིད། འོན་ཏེ། རྒྱལ་རོང་ནི་སྔོན་ནས་རི་ལུང་དོག་ཅིང་བྲག་གཟར་བ། མཁར་རྫོང་བཙན་པ་སོགས་ཀྱིས་ཕྱིའི་ཡུལ་དང་འབྲེལ་འདྲིས་དེ་ཙམ་མི་ཆེ་བས་ཡུལ་ སྲོལ་དང་སྐད་བརྡ། རིག་གནས་སོགས་ལ་གཞན་པའི་ས་གནས་ལྟ་བུའི་འགྱུར་ལྡོག་དེ་འདྲ་ཆེན་པོ་ཐེབས་མ་ ཐུབ། དཔེར་ན་དབུས་གཙང་ལྟ་བུ་ནི་ཆོས་དང་རིག་གནས་ཀྱི་ལྟེ་བ་ཡིན་པས་འཕེལ་རྒྱས་ཧ་ཅང་ མྱུར་བས་ད་ལྟ་སྐད་ཀྱང་འགྱུར་བ་ཆེན་པོ་བྱུང་ཟིན་པ་ནི་ཚང་མས་མཁྱེན་གསལ་ལྟར་ རེད།ཆིན་རྒྱལ་རབས་ཀྱི་རྒྱལ་པོ་བཅུའི་བོད་སྐད་ཀྱི་མཚན།

བཤད་སྒྲུབ་རྒྱ་མཚོ། 2011ལོའི་ཟླ 07ཚེས 14ཉིན་དང་། ཤེས་རབ་རྒན་པོའི་འབེལ་གཏམ་ལས་བཤུས།

དོན་འདི་ཤིན་ཏུ་གལ་ཆེ་སྟེ། ལོ་རྒྱུས་དང་རྣམ་ཐར་ལ་ཞིབ་འཇུག་བྱེད་པ་རྣམས་ཀྱིས་འདི་དག་ངེས་པར་ཤེས་དགོས་ པས་སོ། །དཔྱད་གཞི་ཡིག་རིགས་འགའི་ནང་དུ་བཙལ་ཏེ། ཆིན་རྒྱལ་རབས་ཀྱི་གོང་མ་ཞོན་ཐུང་ཡན་གྱི་རྒྱལ་པོ་དགུའི་མཚན་གསལ་བར་ཤེས་པ་ འདི་ལྟར། ཧྲུན་ཀྲི་(顺治)ལ་ཐབས་སྐྱོང་རྒྱལ་པོ།ཁང་ཞི(康熙)ལ་བདེ་སྐྱིད་རྒྱལ་པོ། ཡུང་ཊིང (雍正)ལ་གནམ་སྐྱོང་རྒྱལ་པོ།    ཆན་ལུང(乾隆)ལ་ལྷ་སྐྱོང་རྒྱལ་པོ།     ཅ་ཆིན་(嘉庆)ལ་བསྔགས་སྨོན་རྒྱལ་པོ།       ཏོ་བཀྭང་ལ་(道光)སྲིད་གསལ་རྒྱལ་པོ།    ཞན་ཧྥུན་(咸丰)ལ་སྲིད་སྐྱོང་རྒྱལ་པོ།   ཐུང་ཀྲི་(同治)ལ་ཀུན་སྐྱོང་རྒྱལ་པོ། བཀྭང་ཞི་(光绪)ལ་འོད་གསལ་རྒྱལ་པོ་ཟེར། དཔྱད་གཞི་ཡིག་ཆ་དཀོན་པའི་དབང་གིས་ཞོན་ཐུང་ལ་བོད་མཚན་ཡོད་མེད་མ་ངེས་པས། དཔྱོད་ལྡན་རྣམས་ཀྱིས་ལོ་རྒྱུས་ཀྱི་གཞུང་ལས་འཚོལ་བར་ཞུ། །

རྩོམ་སྒྲིག་པ་ཨོ་རྒྱན།

ཆུ་ ཀླུང་ དང་ མཚེའུ།

zb 2010ལོའི་ཟླ 08ཚེས 30ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

བོད་ ཡུལ་ཆུ་ཁླུང་མང་པོའི་འབྱུང་ཁུངས་ཡིན་ཞིང་གཙོ་ཆེ་བ་ཡར་ཀླུང་གཙང་བོ་དང་རྨ་ཆུ། འབྲི་ཆུ།ཟླ་ཆུ།རྒྱལ་མོ་རྔུལ་ཆུ།གླང་ཆེན་ཁ་འབབ།སེང་གེ་ཁ་འབབ།རྨ་བྱ་ཁ་འབབ་ སོགས་ཡོད།གྲགས་ཆེ་བ་འགའ་བརྗོད་ན།

1ཡར་ཀླུང་གཙང་བོ།    དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན།སྟོད་མངའ་རིས་གངས་མཚོའི་ཤར་ཕྱོགས་ བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་མཆོག་འདྲ་བའི་ཁ་ནས་འབབ་ ཅིང་།ཧོར་ཚོ་ལྔ་བརྒྱུད་འབྲོང་པ་ཚོ་དགུའི་ལྷོ་ཕྱོགས་དང་།རུ་གསར་གལ་ཆོས།འབའ་ བ།བཀྲ་བདུན།གཞུང་རུ་དང་ས་ག་ཟང་ཟང་ལྷོ་བརྒྱུད་དེ་གཙང་བཀྲ་ཤིས་ལྷུན་པོའི་གཡས་ ཕྱོགས་ནས་བཞུར་ཏེ་ལྕགས་ཟམ་ཆུ་བོ་རིར་ལྷ་སའི་སྐྱིད་ཆུ་དང་འདྲེས་ནས་ཡར་ཀླུང་ གཙང་བོར་འབོད།དྭགས་པོ་དང་ཀོང་པོ་བརྒྱུད་དེ་རིམ་བཞིན་གཡུ་འབྲུག་འཕྱོ་བ་བཞིན་ སྨན་གླིང་ཕད་ཆུས་ཤུལ་ནས་ཁ་བྱང་ཤར་ངོས་སུ་འཁོར་ནས་བཞུར་ཞིང་།རི་བོ་གནམ་ལྕགས་ འབར་བར་བསྐོར་བ་རྟ་རྨིག་འདྲ་བ་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ ཟབ་མོ་འགྲིམས་ནས་མཐར་ཀློ་ཡུལ་བརྒྱུད་རྒྱ་གར་དུ་བཞུར་ཏེ་གཙང་བོ་པུ་ལ་མ་བོ་ ཐེ་ལ་བྱ་སྟེ།དེ་ནས་བྷང་ག་ལ་མཚོ་དབུག་ཏུ་འདྲེས།དེའི་རིང་ཚད་སྤྱི་ལེ2057དང་། འབབ་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་240480ཡོད།

2འབྲི་ཆུ།    འབྲི་ཆུ་ནི་རང་རྒྱལ་གྱི་ཆུ་ཆེན་འབྲི་ཆུའི་སྟོད་རྒྱུད་ཀྱི་གཙང་བོའི་ཨ་མ་ལྟ་ ཞིག་ཡིན་ཞིང་།དེ་ནི་གདང་ལའི་རི་རྒྱུད་རྒྱ་ལ་རྩེ་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་ བབས་ཏེ།མཚོ་སྔོན་གྱི་ཡུལ་ཤུལ་དང་།བོད་ལྗོངས།དཀར་མཛེས་དང་བདེ་ཆེན་བཅས་ཀྱི་ བོད་རིགས་ས་ཁུལ་གྱི་རྫོང་14ལ་བཞུར་ཞིང་།བོད་ཡུལ་གྱི་བཞུར་རྒྱུན་རིང་ཚད་ སྤྱི་ལེ2806དང་།སྤྱིའི་རིང་ཚད་ནི་སྤྱི་ལེ་6300ཡིན་ལ།གངས་ལྗོངས་ཀྱི་འབབ་ཡུལ་ གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3494ཡོད།

3རྨ་ཆུ།     རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་དཀྱིལ་གྱི་ཕྲལ་རིང་རིང་མོའི་ལྷོ་རྒྱུད་ནས་བབས་ ཏེ།མཚོ་སྔོན།སི་ཁྲོན།ཀན་སུའུ།ཉིང་ཞ།ནང་སོགཧྲན་ཞི།ཧྲའན་ཞི།ཧོ་ནན་ཏེ་ཞིང་ཆེན་ དགུ་དང་རང་སྐྱོང་ལྗོངས་གཅིག་བཅས་བརྒྱུད་ནས་པོ་ཧེ་རྒྱ་མཚོར་ཞུགས།བོད་ཡུལ་དུ་ རྨ་ཆུར་གཙང་ལག་གྲགས་ཆེ་བ་ནི་དར་ལག་ཆུ།རྩེ་ཆུ།གསེར་ཆེན་ཆུ།ཆུ་སྔོན།འབའ་ཆུ། དགུ་ཆུ།ཙོང་ཆུ།ཀླུ་ཆུ།བསང་ཆུ།འཇུ་ལག་ཆུ་སོགས་ཡོད།གངས་ལྗོངས་སུ་བཞུར་རྒྱུན་ རིང་ཚད་སྤྱི་ལེ1693.8དང་།སྤྱིའི་རིང་ཚད་སྤྱི་ལེ5464ཡོད།

4རྒྱལ་མོ་རྔུལ་ཆུ།    ཆུ་བོ་དེ་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བཞུར་ཏེ་ནག་ཆུ་དང་།འབྲི་ རུ།སྦྲ་ཆེན།སོགདཔལ་འབར།སྟེང་ཆེན།ལྷོ་རོང་།དཔའ་ཤོད།མཛོ་སྒང་སོགས་རྫོང་ཁག་ བརྒྱུད་དེ་ཡུན་ནན་དུ་གཞོལ་རྗེས་འབར་མའི་ཁོངས་སུ་སར་ཝན་གཙང་བོ་ཟེར་ལ་ཧུན་ རྡུ་རྒྱ་མཚོར་འདྲེས།བོད་ཡུལ་གྱི་བཞུར་རྒྱུན་རིང་ཚད་སྤྱི་ལེ1393དང་།འབབ་ཡུལ་ རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ102500ཡོད།

5ཟླ་ཆུ།    ཟླ་ཆུར་གཙང་ལག་རྫ་ཆུ་དང་ངོམ་ཆུ་གཉིས་ཡོད་པ་ལས།རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་ རྫོང་ཁོངས་རི་བོ་ཤྭ་ར་སྐྱ་ནས་འབབ།ངོམ་ཆུ་ནི་བོད་ལྗོངས་ཧོར་སྦྲ་ཆེན་རྫོང་ ཁོངས་ཝ་མོའི་ལའི་རྒྱུད་ནས་བབས་ཏེ།ཆབ་མདོ་གྲོང་བརྡལ་དུ་རྫ་ཆུ་དང་འདྲེས་ནས་ སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་བོ་ཟེར།དེ་ནས་འབར་མ། ལོ་སི།ཐེ་ལན།ཁམ་ཕུ་ཁྲེཝེ་ཐེ་ནམ་སོགས་བརྒྱུད་མཐར་ཀྲུང་གོའི་རྒྱ་མཚོ་ལྷོ་མར་ ཞུགས།བོད་ཡུལ་གྱི་བཞུར་རྒྱུན་རིང་ཚད་སྤྱི་ལེ760ལྷག་དང་།འབབ་ཡུལ་རྒྱ་ཁྱོན་ སྤྱི་ལེ་གྲུ་བཞི་མ45080ཡོད།

6ཉག་ཆུ།    དེ་ནི་མཚོ་སྔོན་ཡུལ་ཤུལ་ཁྲི་འདུ་རྫོང་ནས་འབབ་ཅིང་།ཡུལ་ཤུལ་དང་དཀར་མཛེས་བཅས་ བོད་ཁུལ་གྱི་རྫོང་བརྒྱད་བརྒྱུད་པ་དང་།བོད་ཡུལ་གྱི་ཆུ་རྒྱུན་དེའི་རིང་ཚད་ སྤྱི་ལེ850སྣང་།

7གླང་ཆེན་ཁ་འབབ།     དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན་ལ།ལེགས་སྦྱར་སྐད་དུ་ཆུ་བོ་གངྒཱ་ཞེས་ བྱ་སྟེ།གངས་མཚོའི་ནུབ་ཕྱོགས་གུ་གེའི་ཡུལ་གྱི་སྟོད་རྔུལ་ཆུ་ཞེས་པའི་རི་གླང་ ཆེན་ཁ་འདྲ་བ་ནས་བྱུང་།པྲེ་ཏ་པུ་རི།ཁྱུང་ལུང་།མདའ་བའི་མཐུད་ཟམ།སྡོང་བོ་དང་མ་ ནང་།མཐོ་ལྡིང་ལྕགས་ཟམ།རྩ་ཧྲེང་གི་ཡར་འདྲེས་ཀུ་ལི།རོང་ལྗོངས་རྒྱ་ཟམ།སྤྲིན་ ཟམ་འོབ།སིབ་སྐྱིད་ལ་བཞུར་ནས་ཁུ་ནུ་རམ་པུར་དང་།སིམ་ལ་ཧི་མ་ཅལ།བྷ་གར་ནང་གལ། པན་འཇབ་ཅན་གྲི་གྷཀྲཔ་ཀི་སི་ཐན་གྱི་ཤར་ངོས་ནས་ཨ་རབ་འབི་ཨན་མཚོ་ཁུག་ཏུ་འབབ་ བོ།།

8སེང་གེ་ཁ་འབབ།     དེ་ནི་ཁ་འབབ་བཞིའི་ཡ་གྱལ་ཞིག་སྟེ།ལེགས་སྦྱར་སྐད་དུ་ཆུ་བོ་སི་ཏ་ཞེས་བརྗོད། ཆུ་བོ་འདི་གངས་མཚོའི་བྱང་དུ་འབྲོང་པ་སེང་སྟོད་ཡུལ་གྱི་བྲག་རུ་སང་གེའི་ཁ་ འདྲ་བ་ནས་བྱུང་།འབྲོང་བ་སེང་སྨད།འབྲི་བྱི།གཞུང་པ་མ་མཚན་གྱི་ནུབ་བརྒྱུད། རྩོས་ཚོ།རྒྱ་སྨུགགླང་ཆུ།སྒར་བཀྲ་ཤིས་སྒང་།བདེ་མཆོགལ་དྭགས།བལ་ཏི།ཧོར་སོགས་ བརྒྱུད་དེ་པ་ཀི་སི་ཐན་ནས་གྱི་གྲོང་ཁྱེར་ཨི་སེ་ལ་མ་བྷཏ་ནས་བཞུར་ཏེ་གླང་ཆེན་ ཁ་འབབ་དང་འདྲེས་ནས་རྒྱ་གར་ནུབ་ཕྱོགས་ཨ་རབ་བྷི་ཨན་མཚོ་ཁུག་ཏུ་བབས་མཐར་ཧིན་ རྡུ་རྒྱ་མཚོ་ཆེན་པོར་ཞུགས།

9རྨ་བྱ་ཁ་འབབ།    དེ་ནི་ཁ་འབབ་བཞིའི་ཡ་གྱལ་ཞིག་སྟེ།ལེགས་སྦྱར་སྐད་དུ་ཆུ་བོ་སིན་ངྷུ་ཞེས་ བརྗོད།ཆུ་འགོ་གངས་མཚོའི་ལྷོའི་ལང་ག་པུ་རང་གི་ཕུ་རི་བྲག་རྨ་བྱའི་ཁ་འདྲ་བ་ནས་ འབབ་ཅིང་།སྤུ་ཧྲེང་ཚོ་དྲུག་དང་འཁོར་ཆགས་ཞེར།སླེ་མི།འོམ་ལྷོ་བཅས་བརྒྱུད་ནས་ བལ་ཡུལ་ཛུམ་ལང་།ཁར་ན་ལི་བརྒྱུད་རྒྱ་གར་གྱི་ཨུ་ཏར་པར་སྡེ་ཤར་དང་བྷི་ཧར་གྱི་ གཞུང་གཤགས་ནས་བྷེ་གོལ་མཚོ་ཁུག་ཏུ་བཞུར་ཞིང་མཐར་ཧིན་རྡུ་རྒྱ་མཚོ་ཆེན་པོར་ འདྲེས།

10རྒྱལ་རོང་རྒྱལ་མོ་རྔུལ་ཆུ།   དེ་ནི་ཨ་མདོ་མགོ་ལོག་ནས་ཐོན་ཏེ།རྔ་བའི་འཛམ་ཐང་ཆུ་ཆེན་ལ་འདྲེས་ནས།དཀར་མཛེས་ བཅས་བརྒྱུད་ནས་བཞུར་གྱི་ཡོད་ལ་བོད་ཡུལ་གྱི་བཞུར་རྒྱུན་རིང་ཚད་སྤྱི་ ལེ་800ལྷག་དང་འབབ་ཡུལ་སྤྱི་ལེ་གྲུ་བཞི་མ3000ཡོད།   །

གནས་མཆོག་ཁ་བ་ལུང་རིང་།

རྩོམ་སྒྲིག་པས། 2011ལོའི་ཟླ 08ཚེས 08ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

http://ti.gzznews.com/UpFiles/Article/2012/3/1/thumb_2012030135018745.jpg

ཁ་བ་ལུང་རིང་ངམ་གཡུང་དྲུང་སྟག་རྒྱལ་ནི་སྔོན་ཚེ་མི་ལོ་ཚེ་ལོ་ཁྲི་ཐུབ་པའི་སྔ་ རོལ་ཡ་བླ་བདལ་དྲུག་གིས་ཉག་རོང་ཡུལ་ཁམས་སྐྱོང་ཕྱིར་མངག་པའི་གནས་རི་ཆེན་པོ་ གསུམ་གྱི་ཡ་གྱལ་ཡིན།

གནས་འདི་ནི་གངས་ཅན་ལྗོངས་ན་ཆེས་གྲགས་པའི་གངས་རི་བརྒྱད་ཀྱི་ནང་ཚན་ཁ་བ་རི་ ཞེས་པ་དང་འཛམ་གླིང་ན་བོན་པོ་གནས་ཆེན་གཡུང་དྲུང་མཚན་ཅན་བཅུ་གསུམ་ནང་ཚན་གཡུང་ དྲུང་སྟག་རྒྱལ་ཞེས་པ་འདི་ཡིན།  གཏེར་ལུང་ལས།  བྱང་ཕྱོགས་བོན་གྱི་འདུས་གནས་ཁ་བ་རི་ཞེས་པ་ཡང་འདི་ཡིན་ནོ།།གནས་ཡིག་ཁ་ཅིག་ ལས།  གནས་འདི་ནི་དབལ་ཆེན་གེ་ཁོད་ཀྱི་གནས་རི་ཡིན་ཞེས་གསུངས་སོ།།

གནས་ཡིག་ལས།  ལྕེ་ཚ་མཁར་བུས་བཀའ་དམ་བཞག་གཡུང་དྲུང་སྟག་རྒྱལ་ངོ་མཚར་གནས།  ཞེས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙད་པོའི་གཤེན་པོ་འགའ་ཉག་རོང་དུ་ཕེབས་ནས་ཁ་བ་ ལུང་རིང་ཐོག་མ་གསན་སྒོ་ཕྱེས།  དེ་རྗེས་གསང་བདག་ནམ་མཁའ་ཡེ་ཤེས་ཀྱིས་ཁ་བ་ལུང་རིང་གནས་སྒོ་ཕྱེས་པ་མ་ཟད་སྐོར་ ལམ་བཏོན།  ཁ་བ་ལུང་རིང་དང་གཡུང་དྲུང་ལྷ་རྩེ་སོགས་གཙོ་འཁོར་ཐམས་ཅད་བཀའ་དམ་བཞག་གོ།

དེ་རྗེས་སངས་རྒྱས་གླིང་པ་དང་གསང་སྔགས་གླིང་པ་སོགས་བོན་གྱི་རིག་འཛིན་བརྒྱད་ ཀྱིས་བྱིན་གྱིས་བརླབས་ནས་ཞབས་རྗེས་དང་ཕྱག་རྗེས་ཡོད།  གནས་དེ་ལ་གསང་འདུས་ཀྱི་སྒྲུབ་ཕུག་བཞི་དང་གཡའ་སྐྱིབས་བཅུ་ལྷག་ཡོད།  དེ་དག་གྲུབ་ཐོབ་དུ་མའི་ཞབས་རྗེས་དང་སྐུ་རྗེས་ཡོད།  གཡུང་དྲུང་གསང་བའི་བྲག་ཕུག་དུ་གཡུང་དྲུང་ལག་འཁྱིལ་ཞིག་རྡོ་ལ་གསང་བདག་ཡེ་ ཤེས་ཀྱིས་ཕྱག་བྲིས་ཡོད།

གཞན་དུ་ཡི་གེ་བསྭོ་དང་ཨ་ཨྰོྃ་ཧྰུྃ།  ཡ་ར་ལ་ཝ་སོགས་རང་བྱོན་བཞུགས།  གཙོ་མཆོག་ཁྲོ་བོའི་བྲག་ཕུག་ཏུ་དྲན་པ་ནམ་མཁའི་ཕྱག་རྗེས་དང་དྲན་པ་མཚན་བརྒྱད་ རང་བྱོན་ཡོད།  དེ་ལས་གཞན་པའི་གྲུབ་ཐོབ་རྣམས་ཀྱི་ཞབས་རྗེས་ཡོད།  རྡོ་ངོས་གཙོ་མཆོག་དབུ་གསུམ་ཕྱག་དྲུག་པ་རང་བྱོན་དང་འཁོར་ལོ་རལ་གྲི།  མདུང་སོགས་རང་བྱོན་ཡོད།

བདེ་ལྡན་འཆི་མེད་སྒྲུབ་ཕུག་ཏུ་སྤྱང་ཀི་དང་གཅན་གཟན་གྱི་རྗེས་དང་དྲེལ་རྗེས། འཆི་མེད་ཚེ་ཆུ་འབབ་བཞིན་ཡོད།  བྲག་ཕུག་གཏིང་ན་སྟོན་པ་འཆི་མེད་གཙུག་ཕུད་སྐུ་རང་བྱོན་བཞུགས།  དེ་ལ་འཆི་མེད་གཙུག་ཕུད་སྒྲུབ་སྐོར་གཏེར་ལ་སྦས་ཡོད་པ་དེ་ནམ་ཞིག་རང་བརྡོལ་ འོང་བ་ལུང་གིས་བསྟན་དང་།  ཨ་སུ་ར་ལའི་སྒྲུབ་ཕུག་ནང་དུ་བོན་སྐྱོང་སྡེ་དྲུག་རང་བྱོན་དང་།  གྲུབ་ཐོབ་བརྒྱད་ཅུའི་ཞབས་རྗེས་དང་རྡོ་ལ་ཨྰོྃ་མ་ཏྲི་མུ་ཡེ་ས་ལེ་འདུ་ཞེས་ འབྲུ་བརྒྱད་འབུད་དུ་དོད་པ་ཡོད་ཀྱང་ཁ་བས་གཡོགས་པས་མཇལ་དཀའ་བར་སྣང་གསུངས་སོ།། ཕྱོགས་མཚམས་ན་ཆུ་མིག་བརྒྱ་རྩ་བརྒྱད་དང་གཡུང་དྲུང་སྡེ་ལྔ་ལ་བྲག་རི་འབྲིང་ཙམ་ ལྔ་ཡོད།  གནས་རི་རྩ་བ་གཅིག་ལ་རྩེ་མོ་གསུམ་ནི་ཕྱི་ལྟར་ན་དཀོན་མཆོག་གསུམ།  ནང་ལྟར་ན་རྩ་བ་གསུམ།  གསང་བ་ལྟར་ན་ཞི་ལྷ་རྒྱལ་བ་རྣམ་གསུམ།  ཡང་གསང་ལྟར་ན་གེ་ཁོད་མགོན་པོ་རྣམ་གསུམ་གྱི་རྟགས་ཡིན།གནས་དེ་ལ་གནས་པའི་ཁ་བ་ ལུང་རིང་ནི་མི་དཀར་རྟ་དཀར།  ཕྱག་གཡས་གཡུང་དྲུང་ཆག་ཤིང་ཅན་གྱི་དར་དང་གཡོན་དུ་ཚེ་བུམ་ཁྱེར་བ་ཞིག་ཡིན་པར་ གྲགས།  གནས་འདིར་སྤྲེལ་ལོ་ལོ་ལ་གནས་འདུ་ཡིནཡིད་དབང་འཕྲོག་པའི་ལྷ་སྒང་རྩྭ་ཐང་།

ཡིའུ་ཅན་ཀྲུང་། 2011ལོའི་ཟླ 01ཚེས 07ཉིན་དང་། མི་རིགས་ལས་གདམས་ཏེ་བསྒྲིགས།

http://ti.gzznews.com/UpFiles/Article/2011/1/7/thumb_2011010758363365.jpg

ལྷ་སྒང་རྩྭ་ཐང་ནི་དར་མདོ་རྫོང་གི་གྲོང་ཁུལ་ནས་ལེ་བར༡༡༠ལ་ཡོད་ཅིང་།ལྷ་སྒང་ གི་མཛེས་ལྗོངས་གཙོ་བོ་ཁྲོན་བོད་གཞུང་ལམ་གྱི་ཕྱོགས་གཉིས་སུ་གནས་ཡོད་པ་དང་། ཆུ་བོ་དང་རྩྭ་ཐང་།ནགས་ཚལ་དང་གངས་རི།དགོན་པ་བཅས་ཀྱིས་ཕྱུགབོད་རིགས་ཀྱི་ཁྱད་ ཆོས་ལྡན་པའི་བཟོ་བཀོད་དང་བོད་སྲོལ་གྱི་ཁྱད་ལུགས་སོགས་མཛེས་སྡུག་ལྡན་ལ་ཡིད་ དབང་འཕྲོག་པའི་མཐོ་སྒང་གི་མཛེས་རྩལ་རི་མོ་ཞིག་ཆགས་ཡོད་པ་རེད།ལྷ་སྒང་ཞེས་པ་ ནི་ཁམས་བོད་ཡུལ་གྲུ་ཀུན་ལ་སྐད་གྲགས་ལྡན་པའི་གནས་མཆོག་ཅིག་ཡིན་པ་དང་བོད་ རིགས་ཆོས་དད་པ་ཚོའི་ཡིད་སྨོན་བྱེད་པའི་དགོན་གནས་ཤིག་ཡིན།བཤད་སྲོལ་དུ་རྒྱ་ བཟའ་ཀོང་ཇོ་བོད་དུ་བྱོན་སྐབས་ཡུལ་འདིར་བཞུགས་ཏེ་ཇོ་བོ་ཤྰཀྱ་མུ་ནེའི་ཞལ་ སྐྱིན་དུ་ཇོ་བོ་འདི་བཞེངས་པར་གྲགས།ཆོས་བརྒྱུད་ཐོག་མར་བཀའ་བརྒྱུད་པ་ཡིན་ཞིང་ ཕྱིས་སུ་ས་སྐྱ་པ་ལ་གྱུར་བ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐོག་བཀོད་ཡོད་དོ།

དེང་སང་ལྷ་སྒང་རྩྭ་ཐང་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་གནས་མཇལ་དང་སྤང་ སྐྱིད་གཏོང་སའི་གནས་མཆོག་ཅིག་ཏུ་གྱུར་པ་རེད།ལོ་རེའི་ཟླ༧པ་དང༨པའི་བར་དེ་རུ་ སྤང་སྐྱིད་གཏོང་བའི་བྱ་སྒོ་སྤེལ།དེ་དུས་སྤང་ཐོག་གི་གུར་རྣམས་ནམ་མཁའི་སྐར་ ཚོགས་ལྟར་བཀྲ་ལ་བོད་རིགས་མི་དམངས་ཚོས་གླུ་ལེན་བྲོ་འཁྲབ་བྱས་ནས་སྤྲོ་སྐྱིད་ ཀྱི་འཚོ་བར་རོལ་པ་རེད།

མི་ཉག་ལྕགས་ཟམ།

ཡེ་ཤེས་མགོན་པོ། 2011ལོའི་ཟླ 09ཚེས 13ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

དར་ མདོ་གྲོང་ཁུལ་ནུབ་རྒྱུད་ཀྱི་སྤྱི་ལེ་བརྒྱ་ལྷག་ཙམ་རྒྱང་བའི་སར་ལྕགས་ཀྱི་ དཔྱང་ཟམ་ཞིག་བཙུགས་ཡོད་ཅིང་།དེ་ནི་མི་ཉག་གླིང་ཆུ་ཁྲ་མོ་ཞེས་པའི་ཆུ་བོའི་ ཐོག་ལ་བཙུགས་ཡོད་པ་རེད།མི་རྣམས་ཀྱིས་དཔྱང་ཟམ་དེར་མི་ཉག་ལྕགས་ཟམ་ཞེས་པ་དང་ས་ གནས་དེའི་ཕྱོགས་སུ་ཆགས་པའི་གྲོང་སྡེ་ལ་ལྕགས་ཟམ་ཁ་ཞེས་བརྗེད་ཀྱི་ཡོད་པ་རེད།

ཉེ་ཆར་བདག་རང་རྐང་བཙུགས་ནས་ལྕགས་ཟམ་དེའི་ཐད་ཀྱི་ལོ་རྒྱུས་ཕྲན་བུ་འཚོལ་ བརྙེད་བྱེད་ཆེད་དེའི་ཡུལ་དངོས་སུ་ཆས་པ་ཡིན།དབྱར་ཟླ་དྲུག་པའི་ནང་གི་མི་ཉག་ གླིང་ཆུ་ཁྲ་མོ་དྲག་ཏུ་བཞུར་པའི་རྣམ་པ་ནི་སྟག་མོ་རྔམས་པའི་རིགས་སུ་མཐུན།ས་ གནས་དེ་གའི་སྤོབས་བསམ་ཁེངས་འོས་པའི་ལྕགས་ཟམ་དེའང་མི་ཉག་གླིང་ཆུ་ཁྲ་མོར་ མཛེས་པའི་གཟབ་མཆོར་སྤྲས་ཁུལ་གྱི་ཆུ་ངོགས་གཉིས་སུ་སྦྲེལ་ནས་འདུག   ས་གནས་དེ་གའི་རྒན་རབས་པ་ཚོས་འཆད་པར་གཞིགས་ན།ལྕགས་ཟམ་དེ་ནི་དུས་རབས་བཅོ་ ལྔ་པའི་ཡས་མས་སུ་གྲུབ་ཐོབ་ཀྱི་སྙན་གྲགས་ཀུན་ཏུ་ཁྱབ་པའི་དྲིན་ཅན་ཐང་སྟོང་ རྒྱལ་པོས་ས་གནས་དེ་ཕྱོགས་ཀྱི་ཆུ་ངོགས་གཉིས་ཀྱི་མི་རྣམས་ཕན་ཚུན་འགྲོ་འོང་ བྱེད་པ་དཀའ་བའི་རྣམ་པ་སེལ་ཕྱིར་ལྕགས་ཐག་དཔྱང་པའི་ཟམ་པ་འདི་བཙུགས་པར་གྲགས། དེ་ལྟར་དུ་རྩིས་ན་ལྕགས་ཟམ་དེ་བཙུགས་ནས་ཧ་ལམ་ལོ་ལྔ་བརྒྱ་ཙམ་འདས།བདག་རང་གིས་ ལྕགས་ཟམ་དེར་ལྟ་སྐོར་ཞིབ་མོ་བྱས་པར་བརྒྱུད་ལྟ་ཚུལ་འདི་འདྲ་ཞིག་ཆགས་ལ།དེའི་ དུས་སུ་ད་དུང་སྔོན་ཐོན་གྱི་ཚ་ལ་རྒྱག་སྟངས་ཀྱི་ལག་རྩལ་དར་སྤེལ་བྱུང་མེད་ཀྱང་ ལྕགས་ཟམ་དེའི་ལྕགས་ལུང་སོ་སོར་བརྒྱབ་པའི་ཚེ་ལ་ནི་དེང་སང་ཡང་སྐྱོན་སྤུ་ཙམ་ ཤོར་མི་འདུག ད་དུང་ཡ་མཚན་ཆེ་བ་ཞིག་ནི་ལྕགས་ཟམ་བཙུགས་ནས་ལོ་ཟླ་ཧ་ཅང་མང་པོ་བརྒྱད་རུང་ དེའི་ལྕགས་ཡོངས་རྫོགས་ལ་གཙའ་ཐིག་གི་སྐྱོན་རིག་རྒྱུ་མི་འདུག སྣུམ་དབྱུག་པ་འདྲ་བའི་རྣམ་པ་མངོན་བཞིན་མཆིས།ལྕགས་ཟམ་དེའི་མཐོ་ཚད་ཧ་ལམ་ སྨི9ཙམ་ཡོད་པ་ཞིག་རེད།ས་གནས་དེ་གའི་ངག་རྒྱུན་དུ་བརྗོད་པར་གཞིགས་ན།མི་ཉག་ གླིང་ཆུ་ཁྲ་མོ་ཆེན་པོར་གྱུར་ནས་ལྕགས་ཟམ་དེ་ཁེབས་སོང་ན་ཆུ་བརྒྱུད་དེའི་ལུང་ ཁུག་ཏུ་ཆགས་པའི་གྲོང་སྡེ་རྣམས་ལ་ཆུའི་གནོད་སྐྱོན་ཐེབས་ཉེན་ཡོད་ཅེས་དྲིས་ཅན་ ཐང་སྟོང་རྒྱལ་པོས་ཞལ་ཆེམས་བཞག་མྱངས་པ་རེད།  1995ལོའི་དབྱར་གཞུང་དུ་མི་ཉག་གླིང་ཆུ་ཁྲ་མོའི་སྟོད་རྒྱུད་དུ་ཆར་ཆུ་འབེལ་ བའི་རྐྱེན་གྱིས་ལྕགས་ཟམ་ཁེབས་ཉེར་ཡོད་པའི་གནས་སུ་སླེབས།དུས་དེར་མིའི་ཚེ་ སྲོག་ཤོར་མེད་ཀྱང་ཆུ་བརྒྱུད་ཉེ་འགྲམ་དུ་ཡོད་པའི་རྨོས་ཞིང་དང་སྡོད་ཁང་རྣམས་ ཆུའི་གནོད་འཚེ་ཐེབས་མྱོང་པ་རེད།དེར་བརྟེན་ཐང་སྟོང་རྒྱལ་པོའི་ཞལ་ཆེམས་དེར་ རིགས་པས་དཔྱད་པའི་ཁུངས་ལུང་རག་ལས་པ་རེད་ཅེས་ས་གནས་དེ་གའི་མི་རྣམས་ཀྱིས་བཤད་ བཞིན་འདུག ལྕགས་ཟམ་དེའི་ཟམ་སྟེགས་ནི་རྡོ་ཕང་ཤ་སྟག་ལ་བརྩིགས་པ་ཞིག་རེད།ཧ་ལམ་ལོ་ལྔ་ བརྒྱ་ཙམ་བརྒྱུད་ཀྱང་ད་དུང་འགུལ་སྐྱོན་ཐེབས་མེད་པར་དཔག་ན་ཟམ་སྟེགས་ཀྱི་ཟབ་ ཚད་དང་ལས་སྟངས་ཀྱི་སྤུས་ཀ་ཡག་པོ་ཡིན་པ་ཤུགས་བསྟན་དུ་མངོན།དེའི་རིང་ཚད་ སྨི26ཙམ་ཡོད་པ་དང་ལྕགས་ཐག་བཞི་དཔྱད་བའི་ཐོག་ཤིང་ལེབ་བཏིང་ནས་མི་འགྲོ་ཐུབ་པ་ བྱེད་པ་ཞིག་རེད། ལྕགས་ཟམ་དེའི་ཉེ་འགྲམ་དུ་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བཙུགས་དུས་ལྕགས་མགར་ བྱེད་སའི་མགར་ཁང་རེད་ཅེས་པའི་ཁང་མིག་རྗེས་ཤུལ་ཞིག་འདུག དེའི་རྩར་ཐོ་སྟེགས་དང་།ཐོ་བ།སྐམ་པ་སོགས་མགར་བྱེད་སའི་ཡོ་བྱད་ཁག་གཅིག་མཇལ་ རྒྱུ་འདུག ལོ་རྟག་པའི་དབྱར་གཞུང་དུ་ཆུ་ངོགས་གཉིས་ཀྱི་མི་རྣམས་ལྕགས་ཟམ་ཁར་འདུས་འཛོམས་ བྱས་ནས་རྩེད་མོ་སྣ་ཚོགས་རྩེན་ནས་དྲིན་ཅན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བཙུགས་ པར་དྲན་གསོ་བྱེད་ཀྱིན་ཡོད་པ་རེད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)

ཐང་སྟོང་རྒྱལ་པོ་དང་མི་ཉག་ལྕགས་ཟམ།

ཡེ་ཤེས་མགོན་པོས། 2011ལོའི་ཟླ 09ཚེས 13ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

《དཔལ་ གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་ཐར་ཀུན་གསལ་ནོར་བུའི་མེ་ལོང་》 ཞེས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནང་བཀོད་པར་གཞིགས་ན།སྙན་པའི་གྲགས་པ་ནོར་ འཛིན་གཞི་མོའི་ཁྱོན་ཀུན་ཏུ་བོད་ཀྱི་ཕུལ་དུ་བྱུང་བའི་བཟོ་སྐྲུན་འཆར་འགོད་པ་ དྲིན་ཅན་ཐང་སྟོང་རྒྱལ་པོ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་མི་ཉག་དར་རྩེ་མདོར་ འབྱོན་འཕྲོ།གྲྭ་པ་ཕོ་མོ་རྟ་དྲེའུ་དང་བཅས་པ་དར་རྩེ་མདོར་བཞག གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གཅིག་ཡུ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས།རྒྱ་ནག་ལ་དུས་ ཚོད་རིང་ཐུང་ཅི་འདྲ་བཞུགས་པ་སོགས་ཕྲན་ཆུང་བདག་གིས་མཇལ་བའི་ལོ་རྒྱུས་ཡིག་ རིགས་མ་མཐོང་།དེའི་ཐད་རྒྱ་ཆེ་བའི་མཁྱེན་རྣམ་པས་ཞིབ་འཇུག་དང་ཁུངས་ལུང་འཚོལ་ བར་འཚལ།

དེ་ནས་རྒྱ་ནག་རི་བོ་རྩེ་ལྔ་ནས་གྲུབ་ཐོབ་ཆེན་པོ་སླར་ཡང་དར་མདོར་ཕེབས།དར་རྩེ་ མདོ་ནས་གྲྭ་པ་ཕོ་མོ་རྙིང་པ་རྣམས་དང་ཁམས་པ་ཕྱགས་ཕྱིར་འབྲངས་པ་མང་པོས་རྟ་ དྲེའུ་མཛོ་གཡག་སོགས་ལ་ཁལ་གང་ཐེག་བཀལ།མ་ཐེག་པ་རྣམས་རིམ་གྱི་དང་བླངས་སྟོབས་ ཅན་ལ་བསྐུལ་ནས་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས།མི་ཉག་ཡུལ་གྲུ་ཀུན་གྱི་མི་ ཚོས་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པ་ཕེབས་བྱུང་ཟེར་ནས་མདའ་རྩེ་དང་རྩེད་མོ་སྣ་ ཚོགས་བྱེད་ཅིང་།ཇ་ཆང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ།ཚོགས་འཁོར་རྒྱ་ཆེན་པོ་ དང་ཆོས་འབྲེལ་ཞུས།མི་ཞིག་གིས་རལ་གྲི་ཞིག་ཕུལ།མི་ཉག་ཡུལ་མཁར་གླིང་དུ་བཞུགས་ པའི་སྐབས་སུ་མི་ཉག་ཡུལ་སྡེ་ཆེ་བས་རྒྱུན་དུ་འཐབ་རྩོད་བྱུང་ཞིང་དམེ་འཁྲུགས་ མང་པོ་ཡོད་པ་ཞི་འཇགས་སུ་བཏང་།ཕོ་མོ་མང་དུ་ཚོགས་བྱུང་བ་ཆོས་འབྲེལ་མཛད།རྟ་ དྲེའུ་གསེར་དངུལ་གོས་དར་སོགས་འབུལ་བ་མཐའ་ཡས་པ་བྱུང་།ཐང་སྟོང་རྒྱལ་པོས་མི་ ཉག་གླིང་ཆུ་ཁྲ་མོ་ཡིས་འཇིག་རྟེན་གྱི་མི་རྣམས་ལ་བརྒལ་དཀའ་བའི་འཇིགས་སྣང་ རྒྱུན་དུ་སྟེར་བ་མཁྱེན་ནས་མི་སེར་དག་གིས་འབུལ་བའི་རྒྱུ་ནོར་མཐའ་དག་གིས་ངར་ ལྕགས་ཤ་སྟག་ཉོས་ནས་ལྕགས་ཐག་བཞི་ཅན་དཔྱང་བའི་ལྕགས་ཟམ་ཞིག་བཙུགས་པ་རེད།ལྕགས་ ཟམ་དེ་ད་ལྟར་དར་མདོ་རྫོང་འགག་པ་ཤང་གི་མངའ་ཁོངས་སུ་ཡོད་པ་རེད།(རྩོམ་སྒྲིག་པ་ བདེ་ཆེན་དབང་མོ།)