ལྟ་ལོག་གིས་བསྟན་བཤིག་ལ་བསྡིགས་པ།
ལྟ་ལོག་གིས་བསྟན་བཤིག་ལ་བསྡིགས་པ།
ཡོད་མེད་མཐའ་བཞི་བྲལ་བ་ཆོས་ཀྱི་དབྱིངས།།
དམིགས་མེད་ཡེ་ཤེས་མདངས་སུ་འཆར་བའི་གཟུགས།།
མཐའ་མེད་འགྲོ་བའི་མཛའ་བཤེས་ཟས་གཙང་སྲས།།
ཟླ་མེད་སྟོན་པ་བདག་བློའི་མཁའ་ལ་རོལ།།
ཁ་བ་རི་ལ་ཆགས་པའི་དཀར་ཆ་དང་།།
བྱུང་བ་མི་ཡིས་བཟོས་པའི་ནག་ཆ་གཉིས།།
ཕན་ཚུན་བསྣོལ་མའི་གངས་ཀྱི་རི་སུལ་ན།།
ཞེན་པ་དམར་པོ་འདི་ཉིད་རིང་ནས་འཁྲེན།།
ཟློས་གར་མཁན་པོས་ཅི་ཞིག་འཁྲབ་མིན་ལ།།
དུས་སྟོན་འཛོམས་པ་ཀུན་གྱིས་ལྟ་བར་ངེས།།
བཟང་ངན་གཉིས་ཀར་ཐལ་མོ་རྡེབ་པ་ནི།།
རྨོངས་ཆེན་མུན་པས་འཆིང་བའི་བརྡ་རུ་གོ།
ད་ནི་དུས་ངན་སྙིགས་མས་ཆེས་བདོ་ཞིང་།།
ལོག་སྤྱོད་བདུད་ཀྱི་གཡབ་མོ་བྲིན་པའི་སྐབས།།
བསྟན་འཛིན་སྐྱེས་བུ་ཁས་སུ་འཆེས་པ་རྣམས།།
མི་རོ་རེང་པ་གཞིན་དུ་གཅེར་བུར་རྒྱུ།།
མ་བརྟག་བལྟས་ན་ཆོས་ཀྱི་འཁོར་ལོ་བསྐོར།།
ཅུང་ཟད་དཔྱད་ན་ཆབ་སྲིད་གཡོ་སྒྱུ་འཁྲབ།།
ནན་གྱིས་ཕབས་ན་ཆགས་སྡང་རུ་ཤན་དབྱེ།།
དེང་དུས་བླ་མའི་རྣམ་ཐར་ཟབ་མོ་ཡིན།།
མིང་སྐམ་གྲག་པས་ཅོད་པན་མ་དཔྱངས་ཤིང་།།
སྲིད་འབྱོར་འདུ་འགོད་ལས་ལ་མ་བྲེལ་ན།།
དེང་དུས་སློབ་མས་དད་གུས་མི་བྱེད་ཞིང་།།
ཅོལ་ཆུང་སྐྱེ་བོ་མགུ་བའི་ཐབས་མ་རྙེད།།
གསོན་པོའི་ལག་རྗེས་ཙམ་ཡང་མ་ཚོར་ཡང་།།
གཤིན་པོའི་རྣམ་ཤེས་སོང་རྗེས་རྟོགས་པ་ཡི།།
རྫུན་ལུང་བཅོ་བརྒྱད་ཕུག་ནས་རྡིབ་པའི་ཁྱུ།།
རི་ཡི་བོང་བུ་ཚོགས་རྣམས་བག་ཡོད་བྱོས།།
ཆོ་གས་སྒྲུབ་པའི་ཆོས་གཞིས་སྐྱོང་བ་དང་།།
ཆོ་མེད་མགྲོན་ཁང་གནམ་ལ་གཏུག་པ་གཉིས།།
ཞིབ་ཏུ་དཔྱད་ན་མི་མཚུངས་ཆིག་ཤད་ཅིག།།
ཤཱཀྱ་ཐུབ་པས་རིང་མོ་ཉིད་ནས་བྲིས།།
སྟོང་ཉིད་སྒོམ་ཡང་ལྟ་ལོག་ཟེར་ནས་གཤེ།།
སྙིང་རྗེ་དྲན་ཡང་བསྟན་བཤིག་ཟེར་ནས་གཙེས།།
ལུང་རྟོགས་ཤེས་ཀྱང་བླུན་པོ་ཟེར་ནས་སྨོད།།
ཐམས་ཅད་གོ་རིམ་ནོར་བ་བདག་གིས་ཤེས།།
སྔར་མཐའ་ཕྱི་མཐའ་བརྩད་པ་ཡོལ་མེད་ཅིང་།།
བདེན་རྫུན་ཆ་ལང་སྡེབ་པ་འཁྲུགས་མེད་པས།།
ཤེད་ཅན་འཁྱོར་འགྲུས་ཡོད་ན་དོངས་ཤོག་དང་།།
རྣམ་དཔྱོད་ཕུ་དུང་བརྫེས་ནས་སྒུག་བསྡད་ཡོད།།
༢༠༡༢།༥།༨།ཉིན་མོར་བོད་ཀྱི་རྒྱལ་ས་གཉིས་པ་ནས་ཤར་བྲིས་ཤིང་།༢༠༡༢།༡༢།༡༡།དགོང་མོ་སཱ་ར་བོད་ཀྱི་མཐོ་སློབ་ནས་བཅོས།