དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཟླ་འདིའི་ཚེས་ ༡༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ས་གནས་སུ་མི་མང་རེས་མོས་མོས་ཀྱི་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་བྱས་ཏེ། ཉིན་༢༦ པ་ཡིན་པ་རེད།

དེ་རང་རྒྱ་གར་ཀརྞ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེ་ལ་ཀོ་པེ་བོད་མིའི་གཞིགས་ཆགས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་ཁག་གཉིས་ཀྱི་ནང་ཡོད་པའི་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་འདི་ལོ་ཟླ་༡༡ ཚེས་  ༢༣ ཉིན་ནས་མི་མང་རེས་མོས་ཀྱིས་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། ཟས་བཅད་ངོ་རྒོལ་དེའི་ཁ་བྱང་འཕྲེད་དར་ཐོག་ “བོད་མི་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ།” ཞེས་འཁོད་འདུག  ལས་འགུལ་དེར་ཉིན་རེ་བཞིན་ས་གནས་ཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་ཚོགས་མི་ལྔ་ལྔ་ ༡༠ རེ་དངས་བླང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག

དེ་མིན་ད་དུང་ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་ཡེ་ཤེས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་། གཞན་ཡང་སློབ་ཕྲུག་དང་། མི་མང་རྒན་གཞོན་དར་གསུམ་ཟས་བཅད་ལས་འགུལ་དེའི་ནང་མང་པོ་མཉམ་ཞུགས་བྱས་དང་བྱེད་བཞིན་འདུག་ལ། ཟས་བཅད་ངོ་རྒོལ་འདིའི་སྐབས་ཀྱི་དགོས་འདུན་དོན་ཚན་བཞི་ཡོད་པའི་ནང་དོན་གཙོ་བོ་ནི་ ༡ བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཛ་དྲག་གིས་མཚམས་འཇོག་དགོས་པ་དང་། ༢ བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་རྟོགས་ཐབས་དང་བོད་མིའི་དཀའ་ངལ་སེལ་དགོས་པ། ༣ རྒྱལ་སྤྱིའི་རང་དབང་ཅན་གྱི་མི་སྣ་བོད་ནང་དུ་བཏང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་བྱེད་དགོས་པ། ༤ བོད་ནང་གི་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་བཅས་ཡིན་འདུག

ད་ལྟའི་བར་དུ་ཟས་བཅད་ངོ་རྒོལ་དེའི་ནང་སྔ་ཕྱིར་མི་མང་ ༢༦༠ ལྷག་མཉམ་ཞུགས་བྱུང་ཡོད་པ་དང་། ད་དུང་ཡང་མུ་མཐུད་ཟས་བཅད་གོ་རྒོལ་བྱེད་བཞིན་པ་རེད། ལས་འགུལ་སྣེ་ཁྲིད་པ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོན་མས་“ང་ཚོ་ཚོགས་པ་གཉིས་ཀྱི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དེ་ད་དུང་བོད་ནང་གི་ཛ་དྲག་གནས་བབ་ལ་ལྟ་བཞིན། དུས་ཚོད་ངེས་མེད་ཡིན་”འགྲེལ་བརྗོད་བྱས་སོང་།།

མེ་སོར་གསར་འགོད་པས།