གཞུང་ཞབས་ཡིག་ཚད་གཏོང་མཁན་༡༢༦ འདུག
༢༠༡༢ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསར་འདེམས་ཀྱི་ཡིག་རྒྱུགས་དེ་ཟླ་འདིའི་ཕྱི་ཚེས་༢༡ ནས་འགོ་བརྩམས་ཏེ། དྷ་ས་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་གཏོང་བཞིན་ཡོད་པ་ལྟར་འདི་གའི་གསར་འགོད་པ་ཆེད་བཅར་གྱིས་ཐེངས་འདིའི་ཡིག་ཚད་དང་འབྲེལ་བའི་སྐོར་ལ་རྒྱུས་ལོན་བྱས་ཡོད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་ལས་བྱེད་འདེམས་བསྐོས་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལ། ད་ལོར་གཞུང་ཞབས་ས་མིག་ག་ཚོད་ཅིག་ཡོད་མེད་དང་། ཡིག་ཚད་གཏོང་མཁན་ག་ཚོད་ཅིག་བྱུང་སོང་ཞེས་དྲིས་པར། ཁོང་གིས་“ཁ་སང་ང་ཚོས་གསལ་བསྒྲགས་བྱས་པ་ལྟར་གནས་རིམ་འདྲ་མིན་གྱི་ཐོིག་ས་མིག་༤༣ ཡོད་རེད། དེ་བཞིན་དང་པོ་ཡིག་ཚད་གཏོང་གི་ཡིན་ཟེར་ནས་ང་ཚོར་སྙན་ཞུ་ཕུལ་མཁན་༢༥༠ བྱུང་སོང་། དང་པོ་ང་ཚོའི་གསལ་བསྒྲགས་ནང་། བོད་ཡིག་དང་། དབྱིན་ཡིག བོད་པའི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་སྟངས་དེ་ཚོའི་སྐོར་ཡིག་ཚད་གཏོང་རྒྱུ་བྱས་པ་ཡིན། ཡིན་ན་ཡང་ཕྱིས་སུ་ང་ཚོས་དེ་ལ་འགྱུར་བ་བཏང་སྟེ། བོིད་ཡིག་དང་། དབྱིན་ཡིག ཆབ་སྲིད་དང་། རྩིས་ཀྱི་ཡིག་ཚད་ལོགས་སུ་གཏོང་རྒྱུའི་གསལ་བསྒྲགས་བྱས་པར་བརྟེན། ཐོག་མར་སྙན་ཞུ་ཕུལ་མཁན་༢༥༠ དེའི་ནང་ནས་དངོས་གཞིའི་ཡིག་ཚད་སྐབས་མི་༡༢༦ མ་གཏོགས་སླེབས་མ་སོང་། ད་ལྟའི་བར་བོད་ཡིག་དང་། དབྱིན་ཡིག་གཉིས་ཀྱི་ནང་ཆབ་སྲིད་དང་རྒྱལ་རབས་ཚང་མ་ཚུད་པ་བྱས་ཡོད་རེད། ཡིན་ན་ཡང་ད་རེས་ནས་བཟུང་སྟེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག ཆབ་སྲིད་དང་རྒྱལ་རབས་ཀྱི་ཡིག་ཚད་གཏོང་དགོས་ཀྱི་ཡོད་རེད། མ་འོངས་པ་ཡིན་ན་ཡང་དེའི་ཐོག་འགྲོ་ཡི་རེད་”ཅེས་བརྗོད་བྱུང་།
ཡང་ཁོང་ལ་དེང་སང་གཞུང་ཞབས་མང་པོ་ཞིག་ལོ་གཅིག་གཉིས་ཀྱི་ནང་རྩ་དགོངས་འགྲོ་མཁན་མང་པོ་ཡོད་པ་གོ་ཐོས་བྱུང་ལ། གཞུང་གི་ལས་ཀ་བྱེད་ཕྱོགས་དང་ལས་བྱེད་ཚད་ལྡན་མ་རག་པའི་དཀའ་ངལ་འདུག་གམ་ཞེས་དྲིས་པར། ཁོང་གིས་“མང་པོ་ཞིག་རྒན་ཡོལ་ལ་ཡང་ཕེབས་ཀྱི་ཡོད་རེད། དེ་ལ་ཡང་ས་མིག་ཅིག་ཐོན་གྱི་ཡོད་རེད། སྔོན་མ་ཡིན་ན་མི་མང་པོ་ཞིག་གིས་བོད་མིའི་སྒྲིགས་འཛུགས་ཀྱི་ནང་ལས་ཀ་བྱས་པ་དེ་ཕྱི་རྒྱལ་ལ་འགྲོ་སའི་ལམ་ཁ་འཇོག་གི་ཡོད་རེད། དེའི་དམིགས་ཡུལ་དེ་ཡོད་པ་རེད། ཡིན་ན་ཡང་དེང་སང་ཏོག་ཙམ་ཡག་ཏུ་སོང་འདུག་”ཅེས་བརྗོད་བྱུང་།
མཐར་ཁོང་ལ་ས་རཱ་མཐོ་མཐོ་སློབ་ཏུ་ལས་བྱེད་འོས་སྦྱོང་རག་མཁན་ཚོར་དམིགས་བསལ་གྱིས་བརྒྱ་ཆ་ཡོད་རེད་དམ་ཞེས་དྲིས་པར། ཁོང་གིས་“ཁོང་ཚོ་ལ་ཁེ་བཟང་ཞེ་དྲག་ཡོད་རེད། ཁོང་ཚོས་ས་ར་མཐོ་སློབ་ཏུ་ཟླ་༥ རིང་སློབ་སྦྱོང་བྱས་པ་རེད། སྐབས་དེར་ཁོང་ཚོར་སློབ་ཚན་རེ་ཚར་དུས་ནང་ཁུལ་ལ་ཡིག་ཚད་རེ་བཏང་ཡོད་རེད། ཡིག་ཚད་དེའི་རྩ་བའི་བརྒྱ་ཆ་༥༠ ནས་༣༣ དང་། ཐེངས་འདིའི་ཡིག་ཚད་སྐབས་བརྒྱ་ཆ་༦༠ ལོན་ཡོད་ན། ཁོང་ཚོར་དམིགས་བསལ་གྱིས་བརྒྱ་ཆ་༥ ཐོལ་པ་རག་གི་ཡོད་རེད། བརྒྱ་ཆ་༥ དེ་ས་རཱ་ནས་འོས་སྦྱོང་བྱེད་མཁན་ཚོ་མ་གཏོགས་ཕྱི་ལོག་ནས་ཐད་ཀར་ཡིག་རྒྱུགས་གཏོང་མཁན་ཚོར་ཡོད་མ་རེད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་བ་ཕྱེ་བ་དེ་འདྲ་མ་རེད། ཐོག་མར་ལས་བྱེད་འོས་སྦྱོང་གི་གསལ་བསྒྲགས་གཏོང་སྐབས་སྙན་ཞུ་ཕུལ་མཁན་༢༦༠ འདུག ཡིན་ན་ཡང་དངོས་གཞིའི་ངག་རྒྱུགས་གཏོང་སྐབས་༡༦༤ མ་གཏོགས་སླེབས་མ་སོང་”ཞེས་བརྗོད་བྱུང་།
ཟླ་འདིའི་ཕྱི་ཚེས་༢༤ ཉིན་གཏོང་བཞིན་པའི་དྲུང་གཞོན་དང་དྲུང་གཞོན་ལས་རོགས་ཀྱི་ཡིག་རྒྱུགས་ཀྱི་དྲི་བ་ཁག་ཅིག ༧གོང་ས་སྐུ་ཕྲེང་རིམ་བྱོན་ནས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་བྱོལ་དུ་ཕེབས་དགོས་སྐུ་ཕྲེང་གང་དང་གང་གི་སྐབས་སུ་བྱུང་ངམ། དེ་ལྟར་ཕེབས་དགོས་འགྲེལ་བཤད་སྙིང་བསྡུས་བྲིས།
ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་ཁྲི་རལ་པ་ཅན་གྱིས་བོད་དེ་རྒྱ་ནག་ལས་ལོགས་སུ་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་ཆབ་སྲིད་ཀྱི་མཛད་པ་ག་རེ་བསྐྱངས་ཡོད་བྲིས་ཞེས་པ་ལྟ་བུ་སོགས་འདུག