བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་བཅུ་པ།

karma_2012ཟླ་འདིའི་ཚེས་༢༡ ནས་གནས་མཆོག་རྡོ་རྗེ་གདན་དུ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་ཐེངས་༣༠ པ་དེ་དབུ་ཚུགས་ཡོད་པ་དང་། སྨོན་ཆེན་མོའི་ཚོགས་མགོན་དུ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༧དཔལ་རྒྱལ་བ་ཀརྨ་པ་ཕེབས་ཡོད་པ་རེད།

ཉིན་ལྟར་སྨོན་ལམ་གྱི་ཚོགས་ཐུན་གཉིས་པར་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་འགྲེལ་བའི་ཐོག་ནས་གསུང་ཆོས་དང་། མཇུག་ཏུ་གསོན་གཤིན་སོ་སོར་ལྗགས་བསྔོ་བསྟར་ཆགས་སུ་གནང་སྟེ་བཀའ་བརྒྱུད་སྨོན་ལམ་འདི་བཞིན་ཐོག་མར་ཚོགས་དགོས་པའི་དམིགས་ཡུལ་ནི། སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། འཛམ་གླིང་ཞི་བདེ་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་པ་ལོ་ལྟར་སྨོན་ལམ་སྐབས་བཀའ་ཕེབས་བཞིན་པ་ལྟར། འདི་ལོར་ཡང་དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་སྨོན་ལམ་གྱི་ཉིན་དང་པོར་སྨོན་ལམ་གྱི་དགོས་དམིགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྐྱངས་པ་མ་ཟད། འདི་ལོའི་བཀའ་བརྒྱུད་སྨོན་སྐབས་དམིགས་བསལ་མཛད་རིམ་ཞིག་ཡོད་པ་ནི། འཇམ་མགོན་ཀོང་སྤྲུལ་རྗེས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་འཚོགས་གཏན་ཁེལ་ཡོད་པ་རེད།

karma1_2012འཇམ་མགོན་བློ་གྲོས་མཐའ་ཡས་ནི་རིས་མེད་བསྟན་པའི་པའི་སྲོལ་འབྱེད་དུ་ཕེབས་པ་ཡོངས་སུ་གྲགས་པ་ལྟར་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། ལྷག་ཏུ་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་ཡས་པ་ཇི་སྙེད་ཅིག་བཞུགས་པ་ལས་ཤིན་ཏུ་ངོ་མཚར་བའི་གསུང་གི་མཛད་པ་ཆེན་པོ་རྣམས་ད་ལྟའང་མཇལ་དུ་ཡོད་པ་འདི་དག་ལ་དགོངས་ནས་རྗེས་དྲན་མཛད་སྒོ་རྒྱས་པ་ཞིག་ཉིན་གཉིས་རིང་ཞུ་རྒྱུ་དང་། ཁྱད་པར་འདི་ལོར་སློན་ལམ་ཚོགས་མཁན་གྱི་གྲྭ་བཙུན་རྣམ་པར་གུར་གྱི་ནང་བཞུགས་ཡོད་པ་རེད། དེ་ནི་མི་ལོ་ ༧༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་པའི་ཀརྨ་པ་སྐུ་ཕྲེང་གོང་མ་རྣམས་ས་གནས་མ་འདྲ་བར་སྒར་བབ་སྟེ་བསྟན་འགྲོའི་དོན་རླབས་པོ་ཆེ་བསྐྱངས་པར་ཀརྨའི་སྒར་ཆེན་ཞེས་འཛམ་གླིང་ན་གྲགས་པས་ཁྱབ་པ་བྱུང་པར་༼སྒར་ཆེན་འཛམ་གླིང་རྒྱན། ༽གྲགས་པ་དེ་གསར་དུ་དབུ་འབྱེད་རྟེན་འབྲེལ་མཛད་ནས་དད་ལྡན་དྭང་བ་འདྲེན་པའི་མཛད་པ་གསར་པ་ཞིག་ཀྱང་འདི་ལོར་སྐྱོང་བཞིན་ཡོད་པ་རེད་ཅེས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ངོ་སྤྲོད་གནང་སོང་།།