ཆབ་སྲིད་བཙོན་པ་གཉིས་གར་ཡོད་ཆ་མེད།
བོད་ལྷ་ས་འབྲས་སྤུངས་དགོན་པའི་གྲྭ་འཇམ་དཔལ་དབང་ཕྱུག་དང་། གྲྭ་དཀོན་མཆོག་ཉི་མ་གཉིས་༢༠༠༨ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ནའང། ད་ལྟ་གར་ཡོད་ཤེས་རྟོགས་ཐུབ་མི་འདུག
༢༠༠༨ ལོར་ཟླ་༣ ཚེས་༡༠ ནས་བཟུང་ལྷ་ས་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་སྐད་འབོད་བྱས་པ་སོགས་ལ་བརྟེན། དགོན་པར་རྒྱ་དམག་གིས་བསྐོར་ཏེ་དགེ་འདུན་པ་རྣམས་དགོན་པའི་ཕྱི་ལ་མ་བཏང་བ་དང་། ཕྱི་མི་ནང་ལ་མ་བཏང་རྐྱེན་གྱིས་ཟ་མ་སོགས་རྫོགས་ནས་དཀའ་ངལ་སྣ་ཚོགས་འཕྲད་བཅུག་ནས་དམ་དྲག་ཤུགས་ཆེན་པོར་བྱས་ཡོད་པ་དང་། སྐབས་དེར་འབྲས་སྤུངས་དགོན་པ་ནས་དགེ་འདུན་པ་ཁྱོན་ཆེ་གང་བྱུང་རྒྱ་གཞུང་གིས་འཛིན་བཟུང་གིས་ཉེས་རྡུང་ཚད་ལས་འདས་པ་བཏང་སྟེ་དགོན་པ་ནས་བཙོན་ཁང་ཁག་དང༌། ༚སོ་སོའི་ཕ་ཡུལ་དུ་བཙན་ཤེད་ཀྱིས་ཕྱིར་སློག་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།
འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་ཅིག་ལོ་ཚད་བཟོས་ཟིན་པའི་བཙོན་པ་མང་པོ་ཞིག་གཞིས་རྩེ་ས་ཁུལ་ཉ་རི་བཙོན་ཁང་དང༌། ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་ཡོད་པ་ལྟར། ནང་མི་སྤུན་མཆེད་དང་ཉེ་འབྲེལ་ཚོས་ཐབས་ཤེས་གང་ཡོང་གིས་རྩད་ཞིབ་བྱས་ཀྱང་གོང་གསལ་དུས་ཚོད་དེའི་ནང་འཛིན་བཟུང་དུ་ཚུད་པའི་དགེ་འདུན་པ་གཉིས་ད་ལྟ་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།
འབྲས་སྤུངས་དགོན་པའི་དགེ་སྐོས་འཇམ་དཔལ་དབང་ཕྱུགས་རྒྱ་གཞུང་གིས་༡༠༠༨ལོའི་ཕྱི་ཟླ་༤ཚེས་༡༡ཉིན་འཛིན་བཟུང་སྐབས་རྒྱ་གཞུང་གིས་ཁོང་3།14དོན་རྐྱེན་གྱི་གཙོ་བོ་ཡིན་པས་དྲིལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་དེ་དགོན་པའི་ནང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁོང་འཛིན་བཟུང་བྱེད་དོན་དགོས་དོན་ནི་3།14ཡི་དོན་རྐྱེན་མ་བྱུང་སྔོན་ནས་འབྲས་སྤུངས་སུ་རྒྱ་གཞུང་ལ་ངོ་རྒོལ་སྦྱར་ཡིག་སྦྱར་བ་སོགས་གནས་ཚུལ་མང་དག་བྱུང་བར་བརྟེན་རྒྱ་གཞུང་གིས་ཁོང་ལ་དགེ་འདུན་པ་རྣམས་ལ་ངེས་བར་དུ་སློབ་གསོ་རྒྱབ་སྟེ་རྒྱ་ཁབ་ལ་ངོ་རྒོལ་མི་ཡོང་བར་བཀག་འགོག་བྱ་དགོས་ལུགས་སོགས་བཙན་བཀའ་བཏང་བར་བརྟེན་ཁོང་གིས་རྒྱ་གཞུང་གིས་ཁ་ལ་མ་ཉན་པས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
རྗེས་སུ་རྒྱ་གཞུང་གིས་ཁོང་ལ་ཉེས་པ་གང་ཡང་མ་རག་པར་བརྟེན་དཔལ་འབྱོར་ལ་ཁ་གཡར་ཏེ་ཉེས་མེད་ཉེས་འཛུགས་འོག་ཁོང་ཚེ་བཙོན་ཡིན་པ་དང་། ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཡིན་ཞེས་དགོན་པའི་ནང་ཁྱབ་བསྒྲགས་བྱས་པ་ཙམ་ལས་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་ནང་མི་འབྲེལ་ཡོད་ཁག་ཚང་མས་བརྩད་གཅོད་བྱས་ཀྱང་ཞིབ་ཕྲའི་གནས་སྟངས་ད་དུང་ཡང་རྩ་བ་ནས་མ་ཤེས་པར་གར་སོང་ཆ་མེད་དུ་གྱུར་འདུག
གྲྭ་འཇམ་དཔལ་དབང་ཕྱུག་རང་ལོ་༥༨ ཡིན་པ་དང༌། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཕན་པོ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ནས་ཡིན་པ་རེད། ༡༩༨༢ ལོར་འབྲས་སྤུངས་དགོན་དུ་ཆོས་བཞུགས་གནང་ནས་བཟུང་སློབ་གཉེར་གནང་སྟེ་སློབ་མཐར་སོན་ཡོད་པ་དང༌། ༢༠༠༨ ལོར་འབྲས་སྤུངས་བློ་གསལ་གླིང་དགེ་སྐོས་ཀྱི་ལས་འཁུར་གནང་བཞིན་སྐབས་འཛིན་བཟུང་བྱས་པ་སོགས་བོད་ནས་འབྲེལ་ཡོད་ཞིག་གིས་འདྲ་པར་བཅས་མཁོ་སྤྲོད་གནང་སོང་།
གར་སོང་ཆ་མེད་མེད་དུ་གྱུར་བའི་ཁྲོད་ནས་གཅིག་ནི་སྔོན་ལ་བཏང་ཟིན་པའི་འབྲས་སྤུངས་ཀྱི་དཔེ་ཁྲིད་དགེ་རྒན་གྲྭ་དཀོན་མཆོག་ཉི་མ་རེད། ཁོང་ཡང་ལོ་ངོ་༢༠ ལ་བཙོན་འཇུག་དང་ལོ་༥ལ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཙམ་ལས་གར་སོང་ཆ་མེད་དུ་གྱུར་པ་རེད་འདུག
སྐབས་དེར་ཉིན་གཅིག་དང་དུས་གཅིག་ལ་གོང་གི་དོན་རྐྱེན་དེ་ལ་ཁ་གཡར་དེ་འཛིན་བཟུང་བྱས་པས་ཁྲོད་ནས་གྲྭ་ངག་དབང་ཆོས་ཉིད་ལགས་དུས་ཡུན་ལོ་༧ ལ་ཁྲིམས་ཐག་བཅད་ཡོད་པས་ད་ལྟ་ཆུ་ཤུར་རྫོང་གི་སྙེ་ཐང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་ནང་མི་དང་ཉེ་འབྲེལ་ཁོང་ལ་ཐུགས་འཕྲད་བྱེད་ཆོག་པ་དང་། ཁོང་མཉམ་དུ་འབྲས་སྤུངས་དགོན་པའི་དགེ་མདུན་པ་བུ་ཆུང་དང་ཆོས་འཕེལ། ཟླ་གྲགས། བཅས་ད་ལྟ་བཙོན་ཁང་དུ་ཡོད་འདུག ངག་དབང་ཆོས་ཉིད་ལོ༤༢དང་སྐྱེས་ཡུལ་ལྷ་ས་ཤ་སར་ཟུར་ནས་ཡིན་པ་དང་། འབྲས་སྤུངས་སྔགས་པ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཡིན་འདུག །
གནས་ཚུལ་མཁོ་སྤྲོད་པ་བསོད་ནམས།
