༧གོང་ས་མཆོག་ཆིབས་བསྒྱུར་ཆེད་ཨུ་རུ་སུའི་སྲིད་འཛིན་ལ་སྙན་ཞུ།

༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་གཙོས་དད་ལྡན་མི་མང་ལ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གནང་ཡོད་པ་རེད།

དེ་ཡང་༧གོང་ས་མཆོག་གི་ཆོས་འབྲེལ་སྐོར་ཁལ་མུཀ་ནང་བསྟན་གྱི་འགན་ཡོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་ནང་གསུངས་དོན། ད་ཐེངས་ཉིན་བཞིའི་རིང་གི་ཆོས་འབྲེལ་དེ་བཞིན་ཧ་ཅང་ཡག་པོ་བྱུང་སོང། འདས་པའི་ལོ་གསུམ་རིང་ལ་ཆོས་འབྲེལ་དེ་དྷ་སར་གོ་སྒྲིག་བྱེད་བཞིན་ཡོད། ལོ་བཞི་པ་དེ་ཡང་རྡ་སར་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་༧གོང་ས་མཆོག་གི་མཛད་འཆར་དང་སྟབས་བསྟུན་ལྡི་ལིར་འགྱུར་བ་བཏང་གནང་བ་རེད། ད་རེས་ཆོས་འབྲེལ་སྐབས་ཁལ་མུཀ་ནས་ཆོས་ཞུ་བ་མི་ ༢༢༤ དང་བྷུར་ཡ་ནས་ ༢༢༧ ཐུ་ཝ་བ་ནས་ ༧༨ ཨུ་རུ་སུའི་ས་གནས་གཞན་ནས་ཆོས་ཞུ་བ་ ༤༥༧ ཕེབས་ཡོད། དེ་བཞིན་ང་ཚོ་ཆོས་ཞུ་བ་ཚོས་༧གོང་ས་མཆོག་ཨུ་རུ་སུར་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་ས་ཡིག་བསྡུ་རུབ་བྱས་པའི་ཡི་གེ་དེ་ང་ཚོའི་ངོ་ཤེས་ཤིག་བརྒྱུད། ཨུ་རུ་སུའི་སྲིད་འཛིན་ལ་འབུལ་རོགས་ཞུས་པ་ལྟར། ཁོང་ནས་ཁས་ལེན་གནང་བྱུང་། ངས་ཀྱང་༧གོང་ས་མཆོག་ཨུ་རུ་སུར་ཆིབས་བསྐྱང་ཐུབ་པའི་རེ་བ་ཡིད་ཆེས་བྱེད་བཞིན་ཡོད། ཅེས་གསུངས་ཡོད་པ་རེད།།