བཙན་གཡེམ་གྱིས་གྲོངས་པའི་བུ་མོ་དེར་བྲིས།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་དགོང་མོར་རྒྱ་གར་རྒྱལ་ས་ལྡི་ལིར་རང་ལོ་༢༣ ཡིན་པའི་མཐོ་སློབ་བུ་མོ་ཞིག་ལ་མི་དྲུག་གིས་བཙན་གཡེམ་བཏང་རྗེས། ཟླ་འདིའི་ཕྱི་ཚེས་༢༩ ཉིན་སེང་གྷ་པུར་སྨན་ཁང་ཞིག་ནས་སྐུ་གྲོངས་ཡོད་པ་དེར་བྲིས།

ཁྱེད་ཀྱི་མི་ཚེ་ལ་བཙན་དབང་གིས་ཆེས་མཐའ་མཇུག་གི་རྫོགས་ཚིག་བཀོད་དེ། མི་ཡུལ་འདི་དང་གཏན་དུ་ཁ་བཀར་སོང་བ་དེས་ངོ་མ་སྤྱི་ཚོགས་འདི་དང་། མི་འདི་ཚོ་ངོ་ཚ་རུ་བཅུག་སོང་། དྲང་མོ་བཤད་ན་ང་ནི་ངོ་ཚ་ནས་གནས་ཚུལ་འདིའི་མགོ་འཇུག་བར་གསུམ་གང་ཞིག་ནས་གླེང་དགོས་པའང་ཏག་ཏག་ལ་གཏན་ནས་ཤེས་མེད་ལ། གནད་དོན་འདིར་སུ་ཞིག་གིས་འགན་མ་ཁུར་བ་དང་ཅི་ཞིག་གིས་ལངས་ཤོར་དུ་སོང་ཡོད་པ་ཡང་ཤེས་མ་སོང་། དེ་བས་མཚམས་འདིར་ང་ངོ་གནོང་ཞོར་དང་མིག་ཆུ་གཏོང་ཞོར་གྱིས།

ནམ་རྒྱུན་རང་དབང་དང་ཐོབ་ཐང་། བཟང་སྤྱོད་ཅེས་རྟག་པར་ཁ་གཡང་སྒྲོགས་བཞིན་པའི་སྤྱི་ཚོགས་འདིས། དེ་རིང་ཁྱེད་ལ་འདི་ལྟ་བུའི་བཟང་སྤྱོད་དང་འགལ་བའི་བཙན་གཡེམས་བྱས་པ་དེར། ངས་སྤྱི་ཚོགས་འདིའི་གྲུ་ཁ་གཞན་ཞིག་ནས། ཁྱེད་ལ་ནམ་ཡང་དགོངས་དག་ཞུ་རྒྱུ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག ཡིན་ན་ཡང་ཁྱེད་ཀྱི་མཛས་སྡུག་གི་ལངས་ཚོ་འདི་ལྟར་མཇུག་རྫོགས་སོང་བ་དེས། ང་ཚོས་གནས་ཚུལ་འདི་བཤད་ན་ངོ་གནོང་དགོས་ཤིང་། རང་སོར་བཞག་ན་འདུག་མི་བཟོད་པའི་གནས་སྟངས་ཤིག་ཆགས་ཡོད་ནའང་། སྤྱི་ཚོགས་འདིར་དངོས་གནས་ངོ་ཚ་རྒྱུ་མི་འདུག

ངས་ང་སྤྱི་ཚོགས་འདིའི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་པར་བརྟེན། སྤྱི་ཚོགས་ཀྱི་འགན་ཁུར་ཏེ་ཁྱེད་ལ་འགྱོད་བཤགས་དང་། གསར་བུ་ཞིག་པའི་ཆ་ནས་མེ་ཏོག་ལྟ་བུའི་བུ་མོ་ཁྱེད་ཀྱི་ལངས་ཚོ་དང་། མཛའ་བོའི་བྱམས་སྐྱོང་འོག་གི་བདེ་སྐྱིད་ལྡན་པའི་ཁྱེད་ཀྱི་འཚོ་བ་དེ་འདི་ལྟར་བཙན་དབང་གིས་བཅོམ་སོང་བ་དེར་བློ་ཕམ་ཧ་ཅང་སྐྱེས་སོང་། ཡིན་ན་ཡང་ཁྱེད་སོང་ཤུལ་དུ་ང་ཚོས་འགྲེལ་བཤད་ཅི་ཞིག་བྱས་ཀྱང་ཕམ་ཐོགས་མི་འདུག

ལོ་རྒྱུས་ལྟར་ན། ཁྱེད་ཀྱིས་འཇིག་རྟེན་འདིར་སྤྲོ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་འདོད་ཡོད་རེད་ཟེར། རེད་བདེན་པ་རེད། ཁྱེད་ཀྱི་མཛེས་སྡུག་གི་ལངས་ཚོ་དང་། མཛའ་བོའི་བྱམས་སྐྱོང་། སློབ་སྦྱོང་གི་གནས་ཚད་གང་ནས་བལྟས་ཀྱང་། ཁྱེད་ལ་འཇིག་རྟེན་འདིར་མི་ཚེ་སྐྱིད་པོ་ཞིག་སྐྱེལ་རྒྱུའི་ཆ་རྐྱེན་ཆ་ཚང་ཚང་འདུག་ཟེར། ཡིན་ན་ཡང་ངོ་ཚ་དང་སྙིང་རྗེ་མེད་པའི་མི་ངན་དེ་དག་གིས་ཁྱེད་འདི་ལྟར་འཇིག་རྟེན་གཞན་ཞིག་ཏུ་བཙན་གྱིས་བརྫངས་སོང་བས། ང་ནི་དངོས་གནས་འདི་ཚོའི་གྲལ་ནས་ངོ་གནོང་གི་འདུག དེ་བས་ངས་བསྐྱར་དུ་ཁྱེད་ལ་དགོངས་དག་ཞུ ང་ཚོས་ཅི་ཞིག་གིས་ཁྱེད་ལ་འགྱོད་བཤགས་བྱེད་དགོས་རེད། དགོངས་དག དངོས་གནས་དགོངས་དག བུ་མོ་ཁྱོད་གཏན་དུ་རྒྱལ་བར་ཤོག