རྣམ་གྲོལ་གླིང་དུ་བསྔོ་སྨོན་མཆོད་འབུལ།
ཟླ་འདིའི་ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་ས་གནས་སུ་ཡོད་པའི་ཐེག་མཆོག་རྣམ་གྲོལ་གླིང་དུ་བོད་བསྟན་སྲིད་རང་དབང་གི་ཆེད་དུ་རང་ལུས་མེ་རུ་སྤར་མཁན་རྣམས་གཙོས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཞི་ཁྲོ་དང་བསྔོ་སྨོན་གསུངས་ཡོད་པ་རེད།
དེ་ཡང་ཉིན་མོ་དེར་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་འདུན་པ་རྣམས་རྣམ་གློལ་གླིང་གསེར་གྱི་ལྷ་ཁང་དང་། བཙུན་མ་རྣམས་ཟང་མདོག་དཔལ་རིའི་ཕོ་བྲང་དུ་འཛོམས་སྟེ། ཞི་ཁྲོ་དང་བཟང་སྤྱོད་སྨོན་ལམ་སོགས་བསྔོ་སྨོན་གསོག་བསྒྲུབ་དང་། མཆོད་འབུལ་རྒྱ་ཆེར་བྱས་ཡོད་པ་རེད།
འབྲེལ་ཡོད་ལས་བྱེད་པས་འགྲེལ་བརྗོད་བྱེད་སྐབས། འདས་པའི་ལོ་རྒྱུས་ནང་བོད་བསྟན་སྲིད་རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་དང་། ཐ་ན་ཉེ་བའི་ལོ་འགའི་ནང་ནས་རང་ལུས་མེ་རུ་སྤར་ནས་སྐུ་སྲོག་གཏོང་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་ཚང་མའི་ཆེད་དུ་ཞི་ཁྲོ་ཐོས་གྲོལ་གྱི་ཆོ་ག་དང་། བསྔོ་སྨོན། མཆོད་འབུལ་བྱས་ཡོད་པ་རེད། དེ་འདྲ་བྱེད་རྒྱུ་ནི་དགོན་པ་ཞིག་གི་ངོས་ནས་བྱེད་འོས་པ་དང་། འགན་ཡོད་པ་ཞིག་རེད། ཤི་བོ་རྣམས་ལ་སྐྱབས་འཇུག་དང་། གསོན་པོ་རྣམས་ལ་རིམ་འགྲོ་བྱེད་རྒྱུ་དེ་རེད། དེར་བརྟེན་ད་ཐེག་ཆེན་རྣམ་གྲོལ་གླིང་བཤད་གྲྭའི་ཡིག་རྒྱུགས་མཇུག་གྲུབ་མ་ཐག ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་སྤེལ་བ་ཡིན། འདིར་རྣམས་གྲོལ་གླིང་གི་གྲྭ་བཙུན་ཡོངས་སུ་རྫོགས་པ་ཡོད་པ་རེད། ཆེད་དུ་བོད་ནང་གི་རང་ལུས་མེར་བསྲེག་གཏོང་མཁན་རྣམས་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་དང་། གཞིས་བཞུག་བོད་མི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་དུ་འཚོགས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
མེ་སོར་གསར་འགོད་པས།
