ཆོས་རྗེ་༧ཡིད་བཞིན་ནོར་བུའི་གདུང་དབྱངས་བྱང་རླུང་དྲག་ཏུ་ལྡང་བའི་ཤུགས་རིང་།
བརྩེ་ཆེན་དྭངས་གཙང་བཞུར་སའི་གསེར་ལྗོངས་ཕྱོགས་སུ།།
ཐོག་མའི་ཆོས་ལམ་བསྙེགས་སའི་ཕ་གཅིག་གདན་ས།།
རྒྱང་རིང་ཕ་མཐའ་འདི་ནས་དྲན་པའི་རི་མོ།།
ཤ་དུམ་གོང་བུའི་དབུས་སུ་ཆུ་བོ་བཞུར་འདྲ།།
ལྷག་པར་ཕ་གཅིག་དྲན་པའི་མིག་ཆུ་གྲང་མོ།།
མཁུར་ཚོའི་ངོས་སུ་བཞུར་བའི་གྲང་རླུང་ཁྲོད་ན།།
སྐྱོ་སྣང་དྲག་ཏུ་ལྡང་བའི་རེ་སྒུག་གསེབ་ན།།
ཕ་ཆེན་ཐུགས་རྗེ་ཅན་གྱི་མཛད་སྤྱོད་དྲན་ནོ།།
སྙིང་སྟོབས་བརྒྱ་ཕྲག་སྟོང་གི་དམ་བཅའི་ཁྲོད་ནས།།
རླབས་ཆེན་འོད་ཟེར་དཀར་པོའི་མཛད་འཕྲིན་བསྐྱངས་ཏེ།།
འགྲན་བྲལ་གངས་རིའི་ཁྲོད་ཀྱི་སྐྱེ་ཆེན་དམ་པ།།
མཛད་འཕྲིན་འོ་མའི་རྒྱ་མཚོའི་རླབས་སྒྲ་དྲན་ནོ།།
ཤེས་རིགས་བང་མཛོད་བསྐྲུན་སའི་གསེར་ལྗོངས་སློབ་གླིང་།།
ཡབ་རྗེ་ཕ་གཅིག་བླ་མའི་གདན་ས་ཆེན་མོ།།
ཁ་བའི་ལྗོངས་སུ་བཞག་པའི་ནོར་མཆོག་འཛད་མེད།།
མི་ཡུལ་འདི་ལ་གནང་བའི་བཀའ་དྲིན་དྲན་ནོ།།
རིས་མེད་བསྟན་འཛིན་འབུམ་གྱི་ཐུགས་ཀྱི་སྙིང་བཅུད།།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཐུགས་ཀྱི་ཡབ་ཆེན།།
རྒྱལ་དབང་ཨོ་རྒྱན་པད་མའི་རྣམ་སྤྲུལ་དམ་པ།།
འཛད་མེད་ཐུགས་ཀྱི་བརྩེ་ཆེན་ཡིད་ལ་དྲན་ནོ།།
བཀའ་དྲིན་གཞལ་མཐའ་བྲལ་བའི་བུ་ངའི་སེམས་གསོ།།
ཉམ་ཆུང་བརྩེ་བའི་འཛིན་པའི་བདག་ཉིད་ཆེན་མོ།།
ཁ་བ་གངས་རིའི་ཁྲོད་ཀྱི་ཡན་ཆེན་བླ་མ།།
དྲན་ན་སེམས་ཀྱི་ཤ་ཡང་ཧོབ་ཀྱིས་ཞིག་འགྲོ།།
བདེ་ལྡན་ཞིང་ན་བཞུགས་པའི་ཕ་གཅིག་བླ་མ།།
སྟོན་འཇུག་གྲང་རླུང་ཁྲོད་ནས་ལྷག་པར་དྲན་སྐབས།།
བྱང་མཐའི་ས་མཐའ་འདི་ནས་སྐྱོ་བའི་སྣང་ཤས།།
ཡ་ཆུང་སྟོད་ནས་ལྡང་བའི་སེམས་པ་འཁྲིགས་སོང་།།
དྲན་པའི་ཆུ་མཚོའི་ངོགས་སུ་ཕ་གཅིག་བླ་མ།།
དྲན་པའི་སོ་ཁ་འདི་ལ་རྙིང་རྒྱུ་མེད་པ།།
མགོན་པོ་ཁྱེད་ལ་དུང་བའི་ཁུགས་སོ་ཞིག་ནས།།
དྲན་དྲན་བརྩེ་བའི་ཕ་གཅིག་ཡིད་ལ་དྲན་ནོ།།
མེ་ཏོག་དཀར་དམར་བཞད་སའི་གསེར་མོའི་ལྗོངས་སུ།།
མཛད་འཕྲིན་གསེར་གྱི་འཁོར་ལོའི་རྩིབས་སྟོང་བསྒྱུར་ཏེ།།
ཁ་བའི་སྙིང་ནོར་བསྐྲུན་པའི་ལོ་རྒྱུས་འབུམ་ཕྲག།
ཁ་བའི་ཡིག་ཚང་ནང་དུ་གསོན་སྙིང་བསླངས་ཡོད།།
རྒྱལ་བསྟན་གདུགས་དཀར་དྲི་མེད་དགུང་དུ་འདེགས་ཏེ།།
བརྗེད་མེད་བསྟན་པའི་ཚེ་སྲོག་སླར་ཡང་གསོས་ཏེ།།
ཡབ་ཆེན་འཇིགས་མེད་རྒྱལ་པོས་བསྐྲུན་པའི་སློབ་གླིང་།།
ས་སྒང་གོ་ལའི་གཙུག་ན་ཁྲ་ལེམ་བཞུགས་ཡོད།།
འདི་ཕྱི་གཏན་གྱི་སྐྱབས་གནས་ཕ་གཅིག་བཀའ་དྲིན།།
མཚུངས་བྲལ་སྙིང་གི་མགོན་དཔུང་མུན་པའི་གཉེན་པོ།།
རྒྱང་རིང་ཕ་མཐའ་བྲལ་བའི་སྟོན་འཇུག་མཐའ་ན།།
བརྩེ་ཆེན་འོད་ཞགས་དཀར་པོའི་མཛད་བཟང་དྲན་ནོ།།
སྐྱོ་སྣང་ཁུགས་སོ་དུ་མའི་ཧྲག་བར་ཁྲོད་ན།།
ང་ཡི་ཡབ་ཆེན་བླ་མའི་གསེར་ཞལ་དྲོན་མོ།།
གསེར་སྨྱོན་བུ་ངའི་དྲན་པའི་སྙིང་རླུང་ཤུལ་ཤུལ།།
རྡ་སའི་རི་འདབས་འདི་ནས་ཤོར་པ་གྲངས་མེད།།
ཕ་གཅིག་བརྩེ་བ་ཅན་པོ་དྲན་པ་གྲངས་མེད།།
རླབས་ཆེན་སྐྱེ་ཆེན་དམ་པའི་མཛད་པ་གྲངས་མེད།།
གདུང་སེམས་སྟོན་འཇུག་ཁྲོད་ནས་འོག་རིམ་འདི་ན།།
སེམས་གཅོང་མཚོ་རླབས་འཕྱུར་བའི་སྐྱོ་སྣང་གྲངས་མེད།།
ཚེ་རབས་ལས་ཀྱི་མགོན་པོ་ཆོས་རྗེ་བླ་མ།།
འདི་ཕྱི་གཏན་གྱི་སྐྱབས་གནས་འཇིགས་མེད་རྒྱལ་པོ།།
སྐྱིད་སྡུག་ཡིད་གཉིས་ཞུ་ས་ཡབ་རྗེ་དམ་པ།།
བུ་ང་བརྩེ་བའི་མ་འདོར་ཕ་གཅིག་རྗེ་བོ།།
ཁྱེད་ལས་ལྷག་པའི་མགོན་པོ་ང་ལ་མི་དགོས།།
ཁྱེད་ལས་ལྷག་པའི་སེམས་གསོ་ང་ལ་མི་མཁོ།།
ཁྱེད་ལས་ལྷག་པའི་སྐྱབས་གནས་ང་ལ་མི་ཉག།།
ཁྱེད་ལས་ལྷག་པའི་རེ་ས་གཞན་ལ་མི་འཚོལ།།
བཅོས་མིན་སེམས་ན་བཞུར་བའི་བླ་མའི་གདུང་འབོད།།
ཁེར་རྐྱང་ཧི་མ་ལ་ཡི་གངས་འདབས་འདི་ནས།།
གསེར་འབྲོང་སྨྱོན་པའི་ཁ་རུ་ཁ་ཐུག་བྲིས་ཏེ།།
དད་གདུང་ཚོར་བའི་ཟིན་པའི་དྲན་གདུང་འདི་ཡིན།།
ཆོས་རྗེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གཟུགས་སྐུ་ཞུ་བའི་དབྱིངས་སུ་ བསྡུས་ཏེ་ལོ་ངོ་དགུ་ཟིན་པའི་ཉིན་ཆོས་རྗེ་ཐམས་ཅད་མཁྱེན་པའི་གསེར་ཞལ་ དངོས་སུ་མཇལ་བའི་སྐལ་པ་ལྡན་པའི་ས་མཐའི་ལྡོམ་བུ་གསེར་རྟ་བསོད་ནམས་ ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་ བཞུགས་སྒར་རྡ་རམ་ས་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཉེ་འཁྲིས་ནས་ ཁ་ཐུག་ལ་བྲིས་སོ།། ༢༠༡༢ ༡༢ ༡༥
