མཛེས་མ་ཚོ། ཚོང་རྫས་སུ་མ་བསྒྱུར་རོགས།

ཡུལ་གཅིག་པའི་ནང་དུ་བུ་མོ་ཁ་ཤས་དང་མཉམ་དུ་ལབ་གླེང་འགོ་བརྩམས་མ་ཐགབུ་མོ་ག་གེ་མོ་སློབ་གྲྭ་ནས་མཐའ་མ་འཁྱོལ་བ་སྲང་ལམ་དུ་འཁྱམ་མྱུར་གྱིས་རྒྱུ་བཞིན་པའི་སྐབས་སུ་དགའ་རོགས་མང་པོ་དང་མ་འཆམ་ཚུལ་དང༌།ཡང་བུ་མོ་ལ་ལས་རང་ལུས་ཀྱི་མཛེས་ཉམས་ལ་བརྟེན་ནས་མཐོ་རིམ་སློབ་གྲྭར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བོར་རྗེས་ཆང་ས་རྫུན་མའི་ཐོག་ནས་ཨ་རིར་འཐེན་ཐུབ་པ་བྱུང་ཞིང༌། བཟའ་ཟླ་རྫུན་མ་དང་དངོས་སུ་ཆང་ས་བརྒྱབ་དགོས་བྱུང་ལུགས།ཡང་བུ་མོ་འགའ་རེ་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཡོན་སློབ་སྦྱོང་རྒྱུན་མཐུད་པ་བྱུང་ཡང༌།

ད་ཆ་ལས་མེད་ཀྱིས་རྡ་སར་སྤུན་ཉེའམ་ངོ་ཤེས་ཀྱི་ཁྱིམ་དུ་བསྡད་རིང་སྤྲོ་འཁྱམ་ལ་བྲེལ་བཞིན་པ་སོགས་ཀྱི་གནས་ཚུལ་སྣ་ཚོགས་ལབ་གླེང་བྱས།

 

ངའི་འཁྲིས་སུ་ཕལ་ཆེར་ལོ་བཅུ་དྲུག་ཡས་མས་ཙམ་གྱི་སྒོ་ར་གཞན་ནས་ཡིན་པའི་བུ་མོ་ཆུང་ཆུང་ཞིག་གིས་འཛུམ་མུལ་མུལ་ངང་ང་ལ། ཨ་ཅག ང་རང་ལ་སློབ་སྦྱོང་ཡག་པོ་མེད་ཀྱང་སྐྱོན་མི་འདུག  འོན་ཀྱང་གདོང་སྙིང་རྗེ་པོ་ཞིག་ཡོད་ན་བསམ་གྱི་འདུག་གང་ཡིན་ཟེར་ན།མི་ཚང་མ་མཛེས་མ་ལ་དགའ་ཡི་རེད་མ་གཏོགས།མདོག་ཉེས་པོ་དེ་འདྲའི་བུ་མོ་ལ་དགའ་ཡི་མ་རེད།དེ་བཞིན་ང་ལ་གདོང་སྙིང་རྗེ་པོ་ཞིག་ཡོད་ན་མ་འོངས་པར་ཨ་རིར་འགྲོ་ཡི་ཡིན་ཟེར།

དེར་ཡོད་བུ་མོ་ཚོ་དགོད་ཤོར་ཡང༌། ང་རང་བུ་མོ་ཆུང་ཆུང་དེའི་སྐད་ཆར་ཧོན་ཐོར་ནས་ལམ་སང་མོ་རང་ལ་ཅིག་བྱས་ན་ཉོབ་སྣང་སྐྱེ་སྲིད་པའི་བསླབ་བྱ་རིང་མོ་ཞིག་འགོ་བརྩམ་གྲབས་ཡོད་ཀྱང་བུ་མོ་དེ་ཨ་མས་འབོད་ཀྱི་འདུག་པས་ཕྱིན་སོང༌།

 

དེ་ནས་དོན་དག་གསལ་པོ་རང་ཤེས་ཐབས་མ་བྱུང་ཡང༌།བུད་མེད་གཞན་ཞིག་ལ་ཕྲུ་གུ་སྐྱེས་རྗེས་ཁྱོ་བོས་གཡུགས་པ་དང༌།མོ་རང་གིས་ཕྲུ་གུ་ལོ་ལྔ་བར་གསོ་སྐྱོང་བྱས་པ་བརྒྱུད་ད་ཆ་རྡ་སྟེང་སློབ་གྲྭར་ཞུགས་ཐུབ་པ་བྱུང་རྗེས་ད་བར་མོ་རང་ཁེར་རྐྱང་ཡིན་པ་ཤེས་རྗེས།ངས་དེང་སང་ང་ཚོའི་སྤྱི་ཚོགས་ནང་སྐྱེས་པ་བཟང་མདོག་ཁ་པོ་དེ་འདྲ་མང་པོ་མཐོང་རྒྱུ་འདུག་གཱཨ་ཅག་ཁྱེད་རང་སླར་ཡང་སོ་སོའི་བློ་དང་མཐུན་པ་ཞིག་བཙལ་ནས་འཚོ་བ་སྐྱེལ་ན་མི་འགྲིག་གམ་ཞེས་སོགས་བཤད་པར།ཁོང་མོས་སྐྱོ་སྣང་དང་བཅས་ང་རང་ལ་ལས་ཀ་ཐེབས་ཆག་ཅིག་དང་ཁང་སྦུག་ཕག་ཚང་འདྲ་ཞིག་མེད་པའི་ཁར་མདོག་ཉེས་པོ་འདི་འདྲ་ཞིག་ལ་སུའི་བལྟ་ཡི་རེད་ཅེས་ཟེར་ནས་འཛུམ་ཙམ་བྱས།ངས་སྐྱེས་པ་མང་ཆེ་བས་བུད་མེད་བཟང་མིན་ལ་ལྟ་བ་ལས་ཚང་མ་ཕྱི་ཚུལ་ལ་ལྟ་མཁན་ཡིན་གྱི་མ་རེད་ཡ་ཞེས་ལབ་པར་ཨ་ཅག་གིས་དེ་བཤད་ཁག་པོ་རེད།གང་ལྟར་ཡང་མང་ཆེ་བས་བུད་མེད་ཚོའི་རྒྱབ་ལྗོངས་རྫིག་པོ་འདྲ་དང་རྣམ་པ་ཡག་མིན་ལ་བལྟ་བ་ལས་བཟང་པོ་ཡོད་མིན་ལྟ་མཁན་ཉུང་ཉུང་རེད་གསུང་གི་འདུག

 

དེ་བཞིན་གནས་ཚུལ་མང་དག་ཅིག་གིས་སྤྱི་ཚོགས་རང་ངོས་ནས་བུད་མེད་ལ་གནོན་ཤུགས་འདྲ་མིན་སྤྲོད་བཞིན་པ་དངོས་བདེན་ཡིན་ཡང༌།བུད་མེད་རང་ངོས་ཀྱི་བསམ་བློའི་ཀུན་སྤྱོད་ལ་སྐྱོན་ཆ་འགའ་རེ་ཡོད་པ་དེ་ཚོར་ལྟ་བ་ཡང་དག་པ་རེ་མ་བཟུང་ན་རྩ་བའི་ཆ་ནས་མ་འགྲིག་པ་ལྟ་བུ་རེད། 

 

དེར་བརྟེན་ངས་ཀྱང་དེ་རིང་འདིར་གླེང་འདོད་པ་ནི།

དེང་སང་བུ་མོ་ཚོ་ཕྱིའི་མཛེས་ཉམས་ལ་དགའ་བ་ལས་རང་མགོ་ཐོན་ཐབས་རེ་བྱེད་མཁན་ཉུང༌།

དེང་སང་བུ་མོ་ཚོས་ཕྱི་གླིང་བའི་རྗེས་སུ་འགྲོ་ཐབས་ཤིན་ཏུ་འབད་བརྩོན་བྱེད་རྒྱུ་ལས་རང་དང་རྒྱུན་རིང་འཚོ་བའི་འཕྲོད་ནས་སེམས་མཐུན་གྱི་ཟླ་གྲོགས་རེ་བཙལ་རྒྱུ་མི་དགའ། དེང་སང་བུ་མོ་ཚོ་ཁྲོམ་གཞུང་དུ་བསྐོར་དུས་ཕྱིའི་བྱད་བཞིན་དང་བཅོས་མའི་ཡ་རབས་སུ་འཇུག་ ཕྱིར་དངུལ་སྒོར་ཕངས་མེད་བཏང་སྟེ་བྱུག་རྫས་འདྲ་མིན་ཉོ་རྒྱུ་བྲེལ་བ་ལས་སློབ་སྦྱོང་གི་ཡོ་བྱད་རིགས་ལ་བལྟ་མཁན་ཉུང༌།  དེང་སང་བུ་མོ་ཚོ་ཡུལ་གྱར་གྱི་ཁང་ཆུང་རེ་གླས་ཏེ་ཁྱིམ་ཚང་གསར་པ་རེ་གཉེར་རྒྱུ་དགའ་ཡང་མི་ཚེ་ཁྱོ་བོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་མི་འདོད། དེང་སང་བུ་མོ་ཚོས་ཤེས་ཡོན་ཡར་རྒྱས་གཏོང་བར་སྣང་མེད་སྐྱུར་ཞིང་སྒྱིད་ལུག་གི་རྣམ་པ་སྡོན་གསལ་དོད།

 

མདོར་ན་དེང་བུ་མོ་ཚོས་ཕྱིའི་མཛེས་ཆོས་ལ་དོ་སྣང་ཤུགས་ཆེར་བྱེད་པ་ལས་ནང་སེམས་ཀྱི་བཟང་སྤྱོད་ལ་སྣང་མེད་མ་བསྐྱུར་ན་འགྲིག་པ་ལ་ཨང་ཞེས་སྐད་ཆ་དེ་དག་འགོག་ཐབས་མེད་པར་ཁ་ནས་དོན་འགྲོ་ཡི་འདུག

 

རིན་ཐང་ཆེ་བའི་མི་ཚེའི་ནང་ལས་ཀ་རླབས་ཆེན་རེ་སྒྲུབ་ཐབས་བྱ་བར་དཀའ་ཚེགས་ཆེ་ནའང་བུ་མོ་ལོ་གཞོན་ཚོས་ཉུང་མཐའ་ཡང་འཚོ་བའི་དངོས་ཀྱི་རྒྱུད་རིན་ནང༌།རྨང་གཞི་ནས་གཞན་བརྟེན་གྱི་བསམ་བློ་དོར་བའི་ཐོག་ནས་གང་ཅིའི་ཐད་རང་རྐྱ་འཕེར་ཐབས་ལ་ཁ་ཕྱོགས་དགོས་ཤིང༌།དཀའ་ངལ་ལ་གདོང་ལེན་བྱ་བའི་ཆོད་སེམས་བསྐྱེད་དགོས་པ་ལས།སོ་སོའི་བྱད་བཞིན་ཚོང་ཟོག་ཏུ་མི་འགྱུར་བའི་སྤོབས་པ་དང་བརྩོན་འགྲུས་བསྐྱེད་ཅིག་ཅེས་བུ་མོ་ཚོར་སེམས་པ་ན་བའི་རིགས་མཐུན་ཞིག་གིས་སླར་ཡང༌།

མཛེས་མ་ཚོ། ཚོང་རྫས་སུ་མ་བསྒྱུར་རོགས་ཅེས་བཤད་འདོད་བྱུང༌།

ཟླ་2ཚེས་20མཚན་མོར་རང་ཁྱིམ་དུ་བྲིས།