༄༅།། རྒན་པོའི་སྐྱོ་སྡུག་ཁྲོད་ཀྱི་འཚོ་བ།
རྒན་པོ་འདི་ལྟར་རྒས་སོང་།།
སེམས་པ་འདི་ལྟར་གཉོམ་སོང་།།
འབྱུང་བཞིའི་རུས་ཀོག་འབུར་སོང་།།
ཨ་ན་ཨ་ཚ་མང་སོང་།།
གདོང་གི་ཁྲོ་གཉེར་གྲངས་མེད།།
སེམས་ཀྱི་སུན་སྣང་རྫོགས་མེད།།
གྲངས་མེད་རྒས་ཀོག་མང་པོའི།།
མི་ཚེའི་ལྷག་མ་འདི་རེད།།
རྒད་པོ་བདག་མེད་འདི་ལ།།
གཉོལ་སྐྱོང་མེད་པའི་ལས་དབང་།།
གཅིན་སྐྱག་དྲི་ངན་གྲངས་མེད།།
ཁེར་རྐྱང་སྡུག་ལ་རོལ་ཡོད།།
ནང་ན་ཞི་བདེ་མི་འདུག།
ཕྱི་ན་འཁོར་གཡོག་མི་འདུག།
ཅང་མེད་རྒད་པོའི་ལས་དབང་།།
མཐོང་ན་མིག་ཆུ་ལོས་ཤོར།།
འབྱུང་བཞི་དོང་ལ་ལྷུང་སོང་།།
སེམས་པ་སྡུག་ལ་འདྲེས་སོང་།།
གཅིན་སྐྱག་ཉལ་སར་ཤོར་ཐལ།།
རྒད་པོའི་འཚོ་སྟངས་འདི་རེད།།
གནམ་འོག་འཇིག་རྟེན་ཁམས་ན།།
རྒད་པོ་ང་ཡི་ལས་དབང་།།
ཁེར་རྐྱང་རྒན་པོ་མ་གཏོག།
འདི་འདྲའི་འཚོ་བ་ཡོད་དམ།།
ལོ་ན་བགྲེས་པོ་རྒན་པོ།།
ད་དུང་འདི་ལས་ལྷག་པའི།།
འཆི་བདག་བདུད་པོ་ཟེར་པ།།
ནམ་ཐོན་བསམ་ནས་ཞེད་ཡོད།།
ཨ་ཚ་ཨ་ནའི་ཁྲོད་ནས།།
རྒད་པོ་ཁེར་རྐྱང་བདག་མེད།།
འཆི་རྒྱུ་ཁོ་ན་སྒུག་སྟེ།།
ཁང་རྙིང་འོག་ཏུ་འཚོ་ཡོད།།
རྒྱལ་ནག་གི་རྒྱལ་ས་པེ་ཅང་ན་བཞུགས་པའི་བདག་གི་སློབ་གྲོགས་བྲག་འགོ་
ནོར་བུ་བཀྲ་ཤིས་ལགས་ཀྱིས་བསྐུར་ངོར་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་ རྡ་རམ་ས་ནས་རང་ཤག་ཉི་འོད་འཁྱུགས་སའི་རབ་གསལ་འགྲམ་ནས་ གསེར་འབྲོང་སྲས་སུ་འབོད་པས་སུག་བྲིས་བགྱིས་སོ།། ༢༠༡༢ ༡༢ ༩