༄༅།། གྲང་རེག་གི་དགུན་དུས་ངའི་རུས་གསང་གི་མནར་གཅོད།

དགུན་ཁའི་གྲང་རླུང་གཅོང་མོའི་ལུས་ཟུངས་གཤགས།།

སེམས་ཀྱི་རྨ་ཁ་འཁྱག་པའི་ཡང་ཡང་བཟོས།།

ལུས་སེམས་གྲང་རླུང་ཁྲོད་ན་འདར་སིག་བརྒྱབ།།

ཡོད་ཚད་རླུང་བུའི་ཁྲོད་ནས་དབུགས་རིང་བརྩེགས།།

 

 

རྡ་སར་རི་གྲོང་ཉུལ་བའི་ཡུལ་སྐོར་རྣམས།།

བཟོད་གླགས་མེད་པའི་གྲང་རླུང་གསེབ་བར་ན།།

ཁ་ཆུ་སྣ་ཆུའི་དར་ཡུག་གྲངས་མེད་འཐེན།།

ཡུལ་སྐོར་འདི་ལ་ཕེབས་པའི་དགོས་དོན་ཅི།།

 

 

སེམས་ཀྱི་གདུང་བ་རྡ་སའི་རི་ནས་མྱང་།།

ཙག་རླུང་ཁྲོད་ནས་གདོང་གི་ཞལ་ངོ་འགྱུར།།

ལུས་ཟུངས་བར་ན་རླུང་བུའི་འུར་སྒྲ་རྒོད།།

 དབུག་རིང་རྩེག་མའི་ཁྲོད་ནས་ཤུགས་རིང་ཤོར།།

 

དགུན་ཁའི་ཟླ་འོད་འོག་ན་གྲང་རླུང་འགམ།།

སེམས་ཀྱི་དྲོད་ཁོལ་མི་མངོན་དབྱིངས་སུ་བསྡུས།།

སྐྱོ་གདུང་དུ་མའི་མནར་བའི་ཁུགས་སོ་ན།། 

འུར་ཟིང་རླུང་བུའི་ཤུགས་གླུ་རྣ་ལ་གཟན།།

 

དུང་བའི་སེམས་པ་གྲང་རླུང་ནག་པོས་ཁུར།།

སུན་སྣང་བརྩེགས་མ་སྟོང་གི་སྣེ་འོག་ན།།

  དྲོད་སྐྱིད་ཁད་ཀྱིས་ཡལ་བའི་མྱོང་ཚོར་དེ།།

སེམས་ཀྱི་གསང་ལམ་འདི་ན་གྲངས་མེད་འཕྱུར།

 

དགུན་གྲང་ངར་མའི་རི་གྲོང་མཐོན་པོ་ན།།

གྲང་རླུང་ཤུལ་ཤུལ་ལྡང་བའི་སེམས་རྩ་སྐྱོ།།

ཕྱི་འདར་ནང་འདར་དུ་མའི་ནགས་ཀློང་ན།

ང་ཚོའི་ངང་ཚུལ་འདི་ཡང་མཐོང་ན་སྐྱོ།།

 

དགུན་ཟླ་ཟེར་བའི་འཇིགས་རུང་ཁྲོ་གཉེར་ཅན།།

མཐོང་ན་སེམས་པ་འཁུམ་པའི་མ་རུང་པོ།།

ལུས་ཟུངས་ཚར་བར་གཤག་པའི་གཤེད་མ་དེ།།

 མི་ཡུལ་འདི་ནས་གདོན་འདྲེ་དམར་པོ་དངོས།།    

 

འཇིགས་རུང་སེམས་ལ་རྨ་ཁ་སྦྱིན་བདག་པོ།། 

མི་ཡུལ་འདི་ལ་འོང་བའི་ཉིང་དགོས་དེ།།

 མནར་གཅོད་གྲང་རླུང་བསྐྲུན་པ་ཁོ་ནའི་ཆེད།།

དགུན་དུས་ཟླ་གསུམ་ཟེར་པ་སུས་བཟོས་སམ།།

 

 

 

རླུང་ནག་འཚུབ་མ་སྟོང་གི་ཁ་སྒོ་ན།།      

 ཐལ་རྡུལ་སྐྱ་བོ་དུ་མའི་ངོ་གདོང་ན།།    

 སེམས་པ་ཆུ་ལ་གཡུགས་པའི་དགུན་དུས་སུ།།

ལྷགས་རླུང་འུར་ཀྱིས་ལྡང་བའི་ལུས་སེམས་གྲང་།།

 

རེ་བའི་འོད་སྣང་ཡལ་བའི་རྡ་སར་ན།།

 གྲང་རེག་ངར་མའི་ལུས་སེམས་དུམ་བུར་གཤགས།།

འཛུམ་པའི་ཞལ་ངོ་རྣམ་པ་གཞན་དུ་འགྱུར།།

བཅོས་མིན་སེམས་ཀྱི་དྲོད་ཁོལ་རླུང་ལ་འདྲེས།། 

 

ཕྱི་ནང་གཉིས་སུ་གྲང་རེག་བཙན་པོས་མནར།།

དགུན་དུས་ཟེར་བའི་མི་འདོད་ཁྲོ་གཉེར་ཅན།།

རུས་པའི་གདོང་ལ་ཚོར་བ་ནར་ནར་བསྐྲུན།།

དགུན་དུས་འདི་ལ་ཞེན་པ་གཏིང་ནས་ལོག།

 

བུ་ངའི་དུག་བསློག་ཤིན་ཏུ་སྐྱོ་བའི་ལན།།

སྙིང་ནས་ལྡང་བའི་གདུང་ཚོར་དམར་པོ་དེ།།

སེམས་ཀྱི་གཏིང་ནས་གདུ་སྐབས་ཁ་ཐུག་ཏུ།།

རང་ཤག་གྲུ་བཞིའི་ནང་ནས་ཤོར་ཏེ་ཐལ།། 

 

བཞུགས་སྒར་རྡ་རམ་ས་ནས་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་

དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སུག་བྲིས་བགྱིས་སོ།། ༢༠༡༢    ༧ཉིན།