རྒྱལ་གཅེས་དཔའ་བོའི་གད་རྒྱངས།

རྒྱལ་གཅེས་དཔའ་བོ་གླུ་བ་ཨ་མཆོག་ཕུལ་བྱུང་ལ་ཕུལ།

སྐུ་བཞི་བདག་ཉིད་ཤེས་བྱ་ཀུན་མཁྱེན་པའི།།         

འགྲོ་བའི་དོད་དཔོན་སྤྱན་རས་གཟིགས་དབང་གིས།། 

ཐུགས་ཀྱི་བརྩེ་བ་ཆེན་པོའི་ཉེར་དགོངས་ནས།།      

གདོང་དམར་བོད་མིའི་སྡུག་བསྔལ་གཟིགས་པར་མཛོད། 

 

འཇིག་རྟེན་སྒྱུ་མའི་གོ་ལ་ཟླུམ་པོའི་ནང་།།            

མཐོ་སྒང་ཁ་བ་ཅན་གྱི་ཞིང་ཁམས་སུ།། 

ལྟེ་ཁྲག་ས་ལ་འཐོར་བའི་ཉིན་མོ་ནས།།    

ཕུལ་བྱུང་གླུ་བའི་ངུ་ངག་འཆོར་བ་བཟང་།།

 

གདོང་དམར་བོད་ཀྱི་ཤ་ཁྲག་རུས་གསུམ་གྱི།།      

ལ་རྒྱའི་སྙིང་སྟོབས་བཅང་བའི་ཨ་མཆོག་གིས།།

གཞིས་བཞུགས་བོད་མིའི་དཀའ་སྡུག་རྗེན་པ་རྣམས།།       

དབྱངས་ཅན་མགྲིན་པའི་ངག་ནས་གླུ་རུ་གྱེར།།

 

རྒྱ་འདྲེ་ཁོག་ཏུ་ཞུགས་པའི་རྒྱུགས་ཁྱི་དང་།།                 

རྒྱ་མགོ་མཐོ་དུས་རྒྱ་གཡོག་དཔོན་རིགས་འགའ།

རྒྱ་དགའ་བོད་བརྡུང་བོད་རིགས་ཀླད་མེད་འགའ།།

ནག་ཉེས་རྣག་ཐོག་གཙག་འཁེལ་གླུ་རུ་གྱེར།།

 

གངས་ཅན་བོད་ས་གཤར་ར་རྣམ་པ་བསྒྱུར།།       

བོད་མིའི་དཔའ་བོའི་ཤ་ཁྲག་དྲོན་མོ་འདོན།།

དྲག་རྒོལ་དཔུང་ནག་མཆེ་སྡེར་བརྔམས་བའི་དུས།།

དགྲ་བོའི་ནག་ཉེས་རྗེན་པ་གླུ་རུ་གྱེར།།

 

 

ཕྱི་མཛེས་ནང་རུལ་ཙཱ་ན་རྒྱ་ནག་པ།།      

གཡོ་སྒྱུས་ངན་དགུ་འཁྲབ་ནས་མི་མགོ་གཅོད།།

མི་ཁྲག་དྲོན་མོ་དང་ནི་མི་ཤ་ཟ།།          

རྒྱ་ནག་དམར་པོའི་ནག་ཉེས་གླུ་རུ་གྱེར།།

 

འདྲེ་དམག་བསྟོད་པ་གཏོང་མཁན་གཞས་པ་དང།།         

ལ་ཆུ་ལུང་ཆུ་གཏོང་མཁན་གྲངས་འདས་ཀྱང་།།

མི་རིགས་བདེ་སྡུག་གླུ་མོའི་བརྡུང་ལེན་པ།།         

ཨ་མཆོག་ཕུལ་བྱུང་གླུ་བ་ཁྱེད་ཉིད་ཙམ།

 

གདོང་དམར་བོད་ཀྱི་ཆབ་དཔལ་རིགས་གསུམ་གྱི།།         

གནས་ལུགས་རྗེན་པ་དམར་པོའི་ལྟ་བའི་འོག།

སྒྲ་སྙན་དང་བསྡེབས་གླུ་རུ་གྱེར་པའི་དུས།།

ཕྱི་ནང་བོད་རིགས་ཀུན་གྱིས་ཁྱེད་ལ་བསྔགས།།

 

ཉེས་མེད་བཙོན་ཁང་བཅུག་པ་རྒྱ་ནག་གཤིས།།    

རུས་གཅིག་སྤུན་ཟླ་ཉེས་མེད་བརྡུང་རྡེག་ཕོག།

ཁྱེད་ཀྱང་བཅོན་དུ་ཚུད་པ་གོ་བའི་དུས།།           

ཡ་ཁོག་སེམས་སུ་སྡུག་བསྔལ་མེ་ལྕེ་འབར།།

 

ཁྱེད་ཉིད་གདུང་གི་མུན་པའི་བཙོན་ཁང་ནས།།    

གར་མྱུར་ཐར་ཏེ་ད་དུང་ལ་རྒྱ་ཡི།།

གླུ་དབྱངས་བཀུག་ནས་གཞས་ཚིག་འཐོན་སྒུག་དང་།།

གླུ་དབྱངས་ལ་ཀུག་ལ་གཞས་འཐོན་སྒུག་དང་།། 

བསམ་དོན་ཇི་བཞིན་འགྲུབ་པའི་སྨོན་འདུན་ཞུ།།

 

ཁྱེད་ལ་ཉིན་ལྟར་གདུང་སེམས་མཉམ་སྐྱེད་དང་།། 

ཁྱེད་ལ་ཉིན་ལྟར་སེམས་ཁྲེལ་བྱེད་མུས་ཡིན།།

གང་ཁྱེད་ཨ་མའི་བུ་ཡི་སྙིང་རུལ་ལ།།      

ཕྱི་ནང་རྒྱལ་ཁབ་ཀུན་ལ་བསྒྲགས་བཞིན་ཡོད།།

2012/8/15ཉིན་གཞས་པ་ཁོང་འཛིན་བཟུང་གི་གསར་འགྱུར་གོ་མ་ཐག་གདུང་སེམས་མཉམ་སྐྱེད་མཚོད་བྱེད་དུ་ཤར་མར་བྲིས།