གཏན་སློབ་ཁག་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་གཏན་ཁེལ་འདུག

རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་ལྟར། ད་ཐེངས་རྒྱ་གར་དབུས་གཞུང་གིས་ཤེས་རིགས་ལས་ཁུངས་སུ་རྩིས་སྤྲོད་གནང་རྒྱུའི་གཏན་ཁེལ་ཡོད་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གཞུང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས་དཔལ་འབྱོར་བློན་ཆེན་སྐུ་ཞབས་པི་ཅི་ཏམ་བྷ་རམ་ (P Chidambaram) མཆོག་གིས། ཕྱི་ལོ་༢༠༡༣ ཟླ་༡ ཚེས་ ༡༠ ཉིན་གསལ་བསྒྲགས་གནང་བའི་ནང་། རྒྱ་གར་དབུས་གཞུང་གིས་བཀའ་ཤག་ལྷན་ཚོགས་ཐོག་གོ་བསྡུར་སྦྱངས་བཤད་གནང་མཐར། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་གསལ་བཤད་གནང་བ་དང་སྦྲགས། དེའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གྲུབ་འབྲས་ཇེ་བཟང་དུ་གཏོང་ཆེད་ཡིན་སྐོར་གསུངས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསལ་བཤད་གནང་དོན། དེ་རིང་ཕྱི་ལོ་ ༢༠༡༣ ཟླ་༡ ཚེས་ ༡༠ རེས་གཟའ་ཕུར་བུའི་ཉིན་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཨ་པུར་བ་ཅནྜ་དྲ་Apurva Chandraམཆོག་གིས། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ལག་ཐོག་ཁ་པར་བརྒྱུད་ཕྱག་བྲིས་ (Text message) ཤིག་བཏང་གནང་སྟེ། རྒྱ་གར་དབུས་གཞུང་བཀའ་ཤག་གིས་བོད་སློབ་འཛིན་ཚོགས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་རྒྱུའི་ཐག་བཅོས་ཟིན་པའི་སྐོར་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལྟ་བུར་མཚོན་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཕྲུག་ལྟ་སྐྱོང་གི་ལས་དོན་ཐོག་ལ་སྔར་ལྷག་ཚགས་ཚུད་ཡོང་རྒྱུའི་ཡིད་ཆེས་དང་གདེང་སྤོབས་གནང་བ་ཞིག་མཚོན་བཞིན་ཡོད་པར་བསམ་བཞིན་ཡོད་ཅེས་དང་།

ཡང་ཁོང་གིས་དེར་བརྟེན་ང་ཚོས་རྒྱ་གར་དབུས་གཞུང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ཕན་རྒྱ་གར་གཞུང་མང་གཉིས་དང་ལྷག་པར་བོད་སློབ་འཛིན་ཚོགས་ནང་ཡུན་རིང་ནས་ཞབས་ཕྱི་ཞུས་པའི་རྒྱ་བོད་དགེ་རྒན་དང་། ལས་བྱེད་རྣམ་པ་ཚང་མར་གོ་སྐབས་འདི་བཟུང་སྟེ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་ལ་རྒྱ་གར་དབུས་གཞུང་གིས་འདི་ལྟ་བུ་ཡིད་ཆེས་དང་གདེང་སྤོབས་གནང་ཡོད་པ་མ་ཟད། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་བློན་ནེ་རུ་མཆོག་གིས་བོད་ཕྲུག་རྣམས་ལ་སྲོལ་རྒྱུན་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་ཀ་ཚད་ལྡན་ཐོག་འདབ་ཤོག་གཉིས་ལྡན་ཞིག་ཡོང་རྒྱུའི་དགོངས་བཞེས་མཛད་ཡོད། དེར་བརྟེན་བོད་སློབ་འཛིན་སྐྱོང་ཚོགས་པ་དེ་བཞིན་ལོ་ངོ་ལྔ་བཅུ་ལྷག་ཟིན་པའི་སློབ་གྲྭ་རྙིང་ཤོས་ཤིག་ཆགས་ཡོད། སློབ་ཕྲུག་ཀྱང་ཧ་ཅང་མང་པོ་ཡོད། དེའི་ཐོག་ལ་ཤེས་རིག་ལས་ཁུངས་ནས་༧གོང་ས་མཆོག་གི་དགོངས་བཞེད་བསྒྲུབ་ཆེད་གང་ཐུབ་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༡༡ ཉིན་གནས་ཚུལ་དེ་དང་འབྲེལ་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ། རྩིས་སྤྲོད་གནང་རྒྱུའི་འཆར་གཞི་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༠ ཉིན་རྒྱ་གར་དབུས་གཞུང་བཀའ་ཤག་ནས་བཀའ་འཁྲོལ་ཐག་གཅོད་གནང་ཡོད།

ཐག་གཅོད་འདིས་རྒྱ་གར་དབུས་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཕྲུག་གི་ཤེས་ཡོན་བལྟ་སྐྱོང་ཐད། ཉམས་མྱོང་དང་ཤེས་འབྱོན། འཁུར་སེམས་བཅས་ལ་གདེངས་སྤོབས་དང༌། ཡིད་ཆེས་ཡོད་པར་མཚོན་གྱི་ཡོད། གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་གཞུང་དང༌། མི་མང༌། དེ་འབྲེལ་བོད་སློབ་འཛིན་ཚོགས་ཁོངས་ཀྱི་དགེ་ལས་ཡོངས་ལ་བོད་ཕྲུག་ཤེས་ཡོན་ཐད་ད་ཕན་རོགས་སྐྱོར་བླ་མེད་གནང་བར་བཀྲིན་བསམ་ཤེས་དང་སྦྲགས་ཐུགས་རྗེ་ཆེ་ཞུ་གི་ཡོད། ལྷག་པར་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Apurva Chandra མཆོག་ནས་ལས་འཆར་འདི་སྐོར་སྔ་བར་ཕྱི་གསུམ་དུ་ཐུགས་འཁུར་ཆེར་བསྐྱེད་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།

ཤེས་རིག་ལས་ཁུངས་ནས་ཀྱང་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་རྣམ་གཉིས་ནས། དབུས་བོད་སློབ་འཛིན་ཚོགས་འདི་བརྒྱུད་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་ཐུགས་རེ་གནང་པ་ལྟར་འབད་བརྩོན་ཞུ་རྒྱུ་ཡིན་ཚུལ་དང་། དེ་བཞིན་ཤེས་ཡོན་གྱི་ར་བར་གཏོགས་པའི་འབྲེལ་ཡོད་སློབ་དགེ་རྣམས་དང་འཛིན་སྐྱོང་ལས་བྱེད། སློབ་ཕྲུག ཕ་མ། སྤྱི་ཚོགས་བཅས་ནས་ཁྱོན་ཡོངས་ནས་དཔལ་ལྡན་བཀའ་ཤག་སྐབས་༡༤ པའི་ཤེས་ཡོན་གལ་གནད་ཆེ་ཤོས་སུ་ངོས་འཛིན་མཛད་བྱུས་སྐྱོང་བཞིན་པ་ལྟར། རང་རང་སོ་སོའི་ལས་ཁུར་ལ་འབད་བརྩོན་ལྷོད་མེད་གནང་རྒྱུའི་འབོད་བསྐུལ་ཞུ་གི་ཡོད་ཅེས་འཁོད་ཡོད་པ་རེད།