སྡོམ་པ་སྐྱིད་ཀྱིས་བརྐྱངས་ཕྱག་གི་ལས་འགུལ་མཚམས་འཇོག

གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་སྡོམ་པ་སྐྱིད་ཀྱིས་བོད་དོན་ཆེད་ས་རཱ་མཐོ་སློབ་ཀྱི་ཉེ་འཁྲིས་ནས་འགོ་འཛུགས་ཀྱིས། ཉིན་གསུམ་གྱི་རིང་བརྐྱངས་ཕྱག་འཚལ་ནས་དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྱོར་ཏེ། དེར་ལས་འགུལ་མཚམས་འཇོག་གི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་།

dhomba_kyi2013_12_14ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་བོད་དོན་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་སྡོམ་པ་སྐྱིད་ཀྱིས། བོད་དོན་ཆེད་ས་རཱ་མཐོ་སློབ་ཀྱི་ཉེ་འཁྲིས་ནས་འགོ་འཛུགས་ཀྱིས། ཉིན་གསུམ་གྱི་རིང་བརྐྱངས་ཕྱག་འཚལ་ཏེ་ཕྱི་ཚེས་༡༤ ཉིན་གྱི་ཉིན་རྒྱབ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་འབྱོར་ཏེ། དེར་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་ལས་འགུལ་མཚམས་འཇོག་གི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་། མཛད་སྒོའི་སྟེང་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་དང་། སྤྱི་འཐུས་མཁྱེན་རབ་རྒྱ་མཚོ། སྤྱི་འཐུས་སྒྲོལ་དཀར་སྐྱབས། མདོ་སྨད་ས་གནས་ཀྱི་རྒྱུན་ལས་ཁག་ཅིག་དང་། གཞན་ཡང་འབྲེལ་ཡོད་ཁག་ཅིག་ཆེད་བཅར་གྱིས་ཁ་བཏགས་འཐེན་སོང་།

དེ་ནས་སྤྱི་འཐུས་རྒྱ་རིགས་ཐར་གྱིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དམིགས་ཏེ། བོད་དོན་ཆེད་གོམ་བགྲོད་ཀྱིས་བལ་ཡུལ་བར་དུ་སོང་སྟེ་རླབས་ཆེན་གྱི་ལས་འགུལ་སྤེལ་ཡོད་སྐོར་དང་། བརྒྱུད་རིམ་དེའི་ནང་གླིང་ཚ་ཚེ་བརྟན་རྡོ་རྗེ་བལ་ཡུལ་གྱི་བཙོན་ཁང་ལྷག་ཡོད་སྐོར། དེ་བཞིན་ད་ཐེངས་ཁོང་གི་ཨ་མ་སྡོམ་པ་སྐྱིད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ད་ལྟ་བཙོན་ཁང་དུ་ཡོད་པའི་ཁོ་རང་གི་བུར་གདོང་སེམས་མཉམ་བསྐྱེད་ཀྱི་ཆེད། ལེ་དབར་བཅུ་ལྷག་གི་རིང་བརྐྱངས་ཕྱག་འཚལ་བའི་ལས་འགུལ་འདི་འདྲ་ཞིག་སྤེལ་བར་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད་སྐོར་སོགས་བརྗོད་སོང་།

dhomba_1kyi2013_12_14མཐར་བརྐྱང་ཕྱག་འཚལ་དེ་ལས་འགུལ་སྤེལ་མཁན་སྡོམ་པ་སྐྱིད་ཀྱིས་“ངས་བརྐྱངས་ཕྱག་འཚལ་བའི་ལས་འགུལ་འདིའི་དམིགས་ཡུལ་དང་པོ་དེ། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་བོད་ཕྱི་ནང་གཉིས་ནས་མི་༡༠༠ ལྷག་གི་རང་ལུས་སྲེག་བཏང་པ་དེ་དག་གི་རེ་བ་འགྲུབ་ཆེད་དུ་ཡིན། གཉིས་པ་དེ་བོད་ནང་གི་ཆབ་སྲིད་བཙོན་པ་དེ་དག་གློད་གྲོལ་ཐོབ་ཆེད་དུ་ཡིན། གསུམ་པ། ང་རང་གི་བུ་ཚེ་བརྟན་རྡོ་རྗེར་གདོང་སེམས་མཉམ་བསྐྱེད་ཀྱི་ཆེད་ལས་འགུལ་འདི་སྤེལ་བ་ཡིན”་ཞེས་བརྗོད་བྱུང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་ལྡོམ་པ་སྐྱིད་སྲིང་མོ་ལྷ་མོ་སྐྱིད་བཅས་ཀྱིས། ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་འགོ་འཛུགས་ཀྱིས། བོད་དོན་ཆེད་ཞི་བའི་གོ་བགྲོད་ཀྱིས་ཕ་ཡུལ་བོད་དུ་འགྲོ་འཆར་བྱས་ཏེ་རྒྱ་གར་དང་བལ་ཡུལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་ཉེན་རྟོག་པས་བཀག་འགོག་གིས་འགྲོ་བཅུག་མེད་པ་མ་ཟད། ཨ་མ་ལྡོམ་པ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ཕྱིར་རྒྱ་གར་དུ་ཡོང་དགོས་བྱུང་བ་དང་།  གླིང་ཚ་ཚེ་བརྟན་རྡོ་རྗེས་གསང་སྟབས་ཀྱིས་ས་མཚམས་བརྒལ་ཏེ་བསྐྱོད་སྐབས། བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བཙོན་འཇུག་བྱས་ཡོད་པ་རེད།།