གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

ཟླ་འདིའི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཐུན་མོང་གིས་གོ་སྒྲིག་འོག ཕྱི་ཚེས་ ༡༢ ཉིན་བོད་ནང་དུ་བོད་རིགས་ན་གཞོན་བཀྲ་ཤིས་ཚེ་རིང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བས།

yough_coungrece1_2013_1_14

སྐུང་གྲོངས་བསྔོ་སྨོན་མཆོད་འབུལ་དང་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་སྐོར་དང་སྨོན་ལམ་མཆོད་འབུལ་གྱི་ལས་འགུལ་ཞིག་མོན་གྷོ་ས་གནས་གཞོན་ལྷན་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་ཚོགས་མི་ཡོངས་དང་གཞན་ཡང་གདན་ས་སེར་འབྲས་དགའ་གསུམ་ནས་གྲྭ་པ་ཁག་གཅིག་བཅས་ལས་འགུལ་ནང་ཉམས་ཞུགས་གནང་འདུག

yough_coungrece2_2013_1_14ས་གནས་གཞོན་ལྷན་ཚོགས་དྲུང་ཆེ་ཐུབ་བསྟན་སྐལ་བཟང་གིས་ཕྱི་ཚེས་ ༡༢ ཉིན་བོད་ནང་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་ངོ་སྤྲོད་གནང་རྗེས།     གཞོན་ལྷན་ཚོགས་གཙོ་པདྨ་ཚེ་རིང་གིས་བོད་བསྟན་པ་ཆབ་སྲིད་ཀྱི་གནས་སྟངས་སྤྱི་དང་ལྷག་པར་དུ་ད་ལྟའི་བོད་ནང་གི་ཧ་ཅང་ཛ་དྲགས་ཆེ་བའི་གནས་སྟངས་ཡོངས་མི་མང་ལ་ངོ་སྤྲོད་དང་འབྲེལ་གསུང་དོན། དེ་རིང་གི་ལས་འགུལ་ནང་རང་མོས་ཐོག་གྲྭ་པ་ཚོ་མཉམ་ཞུགས་གནང་བར་བསྔག་བརྗོད་ཡོད།   སྤྱིར་བཏང་གཞུང་དང་གཞུང་འབྲེལ་མ་ཡིན་པ་སུའི་བོད་བསྟན་པ་ཆབ་སྲིད་སྤྱི་དང་ལྷག་པར་བོད་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་ལྟར་སྤེལ་ན་དེའི་ནང་མཉམ་ཞུགས་བྱེད་རྒྱུ་ང་ཚོ་ཚང་མས་ལས་འགན་རེད།  འབྲེལ་བ་མེད་པ་དེ་འདྲ་གཏན་ནས་མ་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་བདེན་ཚིག་སྨོན་ལམ་གྱེར་འདོན་དང་རྒྱལ་བའི་ཞབ་བརྟན་དེ་བཞིན་མ་ཎི་གསོག་སྒྲུབ་སོགས་བསྔོ་བ་སྨོན་ལམ་ཆུ་ཚོད་གཅིག་ཙམ་གྱི་རིང་འཚོགས་རྗེས།   མི་མང་གིས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་འགུལ་མཇུག་བསྡུས་ཡོད་པ་རེད།

མོན་གྷོ་གསར་འགོད་པས།