སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཐེངས་ཉེར་བཞི།
སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཐེངས་༢༤ དེ་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡༢ བོད་ཟླ་༡༢ ཚེས་པའི་ཚེས་༡ ཉིན་ནས་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད་པ་དང། བོད་ཟླ་༡༢ པའི་ཚེས་༡༠ ཉིན་འཆར་ཅན་ལྟར་སྨོན་ལམ་ཆེན་མོའི་མཇུག་བསྡོམས་གནང་རྒྱུ་ཡིན་ཞིང།
ཐེངས་འདིའི་ཚོགས་མགོན་དུ་སྔ་འགྱུར་རྙིང་མ་པའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་ཕྱི་ལོ་༡༩༨༩ ལོར་སྔ་འགྱུར་སྨོན་ལམ་ཆེན་མོ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད་པ་དང་ད་བར་ཐེངས་༢༤ འཚོགས་ཡོད་པ་རེད། སྨོན་ལམ་ཆེན་མོ་འདི་ནི་འཇིག་རྟེན་གྱི་ཁྱོན་ཡོངས་སུ་ཞི་བདེས་འོད་སྣང་གིས་ཡོངས་སུ་ཁྱབ་པ་དང། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་ཡུན་ནས་ཡུན་དུ་དར་བ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྔ་ཕྱིར་རང་སྲོག་བློས་བཏང་གནང་བ་དང། ལྷག་དོན་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་ཞུགས་འབུལ་གནང་མཁན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གནང་གི་ཡོད་འདུག
ཐེངས་འདིའི་སྨོན་ལམ་སྐབས་མཆོད་རྟེན་རིན་པོ་ཆེའི་ཤར་ཕྱོགས་ཀྱི་སྐོར་ལམ་རྒྱབ་ཏུ་དབུ་བཞུགས་མཁན་ཆེན་པདྨ་ཤེས་རབ་མཆོག་དང། ཤུག་གསེབ་སྤྲུལ་སྐུ་རིན་པོ་ཆེ། དེ་བཞིན་རྒྱ་གར་དང། བལ་ཡུལ། འབྲུག་སོགས་ནས་ཕེབས་པའི་བཙུན་མའི་སྡེ་ཡོངས་རྫོགས་བཞུགས་ཡོད་པ་རེད།
མཆོད་རྟེན་རིན་པོ་ཆེའི་ལྷོ་ཕྱོགས་ཀྱི་དབུ་བཞུགས་སྔ་འགྱུར་རྙིང་མ་པའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་བླ་སྤྲུལ་མཁན་པོ་སློབ་དཔོན་རྣམས་དང། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང། ཐུབ་བསྟན་རྡོ་རྗེ་བྲག རྫོགས་ཆེན་དགོན། མཆོག་གླིང་དགོན་བཅས་ཀྱིས་གཙོས་རབ་བྱུང་ངུར་སྨྲིག་གི་སྡེ་དགོན་པ་ཁག་ནས་ཕེབས་པ་དང་ཐོར་བུ་པ་སོགས་བཞུགས།
མཆོད་རྟེན་གྱི་ནུབ་ཕྱོགས་བདག་ཅག་གི་སྟོན་པ་སངས་རྒྱས་ཡུལ་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་དང། མཁན་སྤྲུལ་གྱང་ཁང་རིན་པོ་ཆེས་དབུ་བཞུགས་འོག་ མཁན་སྤྲུལ་སློབ་དཔོན་རྣམ་པ་དང་གཙོ་བོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང། དཔལ་ཡུལ་ཆོས་འཁོར་གླིང། གཞན་ཡང་འབྲུག་དང། བལ་ཡུལ། འབྲས་ལྗོངས། ཀ་རྡོར་ཁུལ་གྱི་རབ་བྱུང་གི་སྡེ་ཐོར་བུ་པ་སོགས་བཞུགས་འདུག
མཆོད་རྟེན་གྱི་བྱང་ཕྱོགས་སུ་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེས་དབུ་བཞུགས་དང། སྔ་འགྱུར་མཐོ་སློབ་ཐེག་དགུ་ལེགས་བཤད་གླིང། བསམ་ཡས་རྗེས་དྲན་བཤད་སྒྲུབ་དགའ་ཚལ་གླིང། གཞན་ཡང་འབྲུག རྒྱ་གར། བལ་ཡུལ། འབྲས་ལྗོངས་སོགས་ནས་ཕེབས་པའི་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡོངས་རྫོགས་བཞུགས་ཤིང། ལོ་འདིར་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་མཁན་གྲྭ་བཙུན་སྔགས་གསུམ་གྲངས་༨༠༠༠ ཙམ་ཡོད་འདུག
སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་༢༤ པ་གོ་སྒྲིག་གནང་མཁན་འབྲུག་རྒྱལ་ཁབ་ཏུ་ཡོད་པའི་སྔ་འགྱུར་རྙིང་མ་པའི་དགོན་སྡེ་ཁག་ལྔ་གཙོ་བོ་ཡིན་པ་དང། དེ་བཞིན་སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་༢༤ པའི་ཉིན་གཉིས་པའི་སྔ་དྲོ་དཔལ་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་སྔ་འགྱུར་སྨོན་ལམ་ཆེན་མོར་ཆེད་ཕེབས་ཀྱིས། ཤར་ལྷོ་ནུབ་བྱང་དུ་བཞུགས་པའི་སྔ་འགྱུར་རྙིང་མ་པའི་སྐྱབས་རྗེ་རྣམ་པར་མཇལ་དར་ཕུལ་བ་དང་དབུ་ཐོད་གཏུག་པ་སོགས་ཀྱང་གནང་སོང།
སྐབས་འདིར་ཡང་སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གིས་འདུས་མང་ཡོངས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དེབ་གཟུགས་སྤུས་ལེགས་དེབ་རེ་དང་ཤོག་སྒམ་རང་འགྲིག་ཡོད་པ་སོགས་ཕངས་མེད་ཆོས་སྦྱིན་དུ་སྤེལ་བཞིན་འདུག།།