ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་མཁས་པའི་བགྲོ་གླེང་།

dalai_lama_2013_1_16ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཙམ་གྱི་ཐོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ།   ༧གོང་ས་མཆོག་ཆིབས་བསྒྱུར་གནང་ཡོད་པ་རེད།

 

འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་ཉིན་དྲུག་རིང་། ནང་པའི་ལྟ་གྲུབ་དང་ཚན་རིག་དབར་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ཐེངས་ཉི་ཤུ་༢༦ རྩ་དྲུག་པ་དེ་འཚོག་གི་ཡོད་པས། ཚེས་༡༦ ཞོགས་པ་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མི་མང་དང། སློབ་ཕྲུག་ཡོངས། ཚོགས་ཞུགས་པ་མཁས་དབང་རྣམ་པས་༧གོང་ས་མཆོག་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད།

dalai_lama1_2013_1_16དེ་ཡང་ཐེངས་འདིའི་ཉིན་དྲུག་རིང་གི་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ཐེངས་ཉེར་དྲུག་པ་དེ་འབྲས་སྤུངས་སུ་འཚོགས་དགོས་དོན་སྐོར། བགྲོ་གླེང་གོ་སྒྲིག་པ་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལ་བཅར་འདྲི་ཞུས་པར།   ཕྱི་ལོ་༡༩༨༧ ནས་བཟུང་སེམས་དང་སྲོག་གི་ཚོགས་པས་ཚན་རིག་པ་དང་ནང་པའི་ལྟ་གྲུབ་མཁན་པོ་ཚོའི་དབར་བགྲོ་གླེང་ཐེངས་མང་གོ་སྒྲིག་ཞུས་ཡོད་པ་རེད།   དགོས་དམིགས་གཙོ་བོ་ཤེས་པའི་རང་བཞིན་དབང་རྩའི་ཚན་རིག་ནང་གསར་རྙེད་ཁག་དང་།  ཚན་རིག་གི་གསར་རྙེད་བྱུང་བའི་ནུས་སྟོབས་ཆེ་བའི་འཕྲུལ་རིག་གི་གསར་བརྗེ་ལས་བྱུང་བའི་བླང་དོར་གྱི་གནད་དོན་རིགས་ལ་གདོང་ལེན་ཇི་ལྟར་དགོས་མིན་སོགས་རེད།    དེའི་དགེ་ཕན་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་འདི་དག་ལ་བརྟེན་ནས་ད་ལྟའི་ཚོགས་འདུ་འདི་གོ་སྒྲིག་ཞུས་པ་ཡིན་ལ།    སེམས་དང་སྲོག་གི་ཚོགས་པའི་ངོས་ནས་སེམས་དང་སྲོག་གི་མྱོང་བ་དེ་བོད་ཀྱི་དགོན་སྡེ་ཁག་ཏུ་འཚོལ་ཐབས་དམིགས་ཡུལ་དུ་བཟུང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།  ཉེ་བའི་ཆར་བོད་ཀྱི་དགོན་སྡེ་ཁག་གི་དགེ་བཤེས་དང་དེ་བཞིན་སློབ་གཉེར་བ་ཡོངས་ལ་དེང་དུས་ཀྱི་ཚན་རིག་དང་འཕྲུལ་རིག་ལས་བྱུང་བའི་ལྟ་གྲུབ་དང་བླང་དོར་སྐོར་གྱི་དཀའ་གནད་ངོ་སྤྲོད་བྱེད་རྒྱུའི་ཐག་གཅོད་བྱུང་བ་ལྟར།   ལོ་རྒྱུས་རང་བཞིན་ཅན་གྱི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་འདི་༧གོང་ས་མཆོག་གི་ཐུགས་རེ་ལྟར་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་ནས་འགྲེལ་བརྗོེད་གནང་དོན།  ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་འདིིའི་ནང་ཨ་རི་དང་རྒྱ་གར་གྱི་མཚོན་འཛམ་གླིང་གི་ཚན་རིག་མཁས་དབང་དང་ལྟ་གྲུབ་མཁན་པོ་ཉི་ཤུ་ལྷག་ཆེད་ཕེབས་གནང་ཡོད་པ་མ་ཟད།   བོད་ཀྱི་ནང་པའི་དགོན་སྡེ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཉི་ཤུ་དང་བཙུན་དགོན་གསུམ་བཅས་ནས་སེར་མོ་བ་བདུན་བརྒྱ་ཙམ་དང་།    དེ་མིན་རྒྱ་གར་མཐོ་སློབ་འདྲ་མིན་ནང་ཚན་རིག་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་དང་འབྲེལ་ཡོད་བོད་ཀྱི་ཤེས་ཡོན་བསྟི་གནས་ཁང་གི་ཚོགས་མི།   དེ་བཞིན་རྒྱ་གར་དང་ཨ་རི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཚན་རིག་པ་དང་འབྲེལ་ཡོད་མི་སྣ་ཁྱོན་བསྡོམས་མི་སྣ་ཆིག་སྟོང་༡༠༠༠ ཙམ་མཉམ་ཞུགས་གནང་རྒྱུ་རེད།   གཞན་ཡང་དོན་གཉེར་ཅན་གྱི་སེར་སྐྱ་མི་མང་ཚོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁག་གསར་པའི་ནང་ཐད་ཀར་བརྙན་འཕྲིན་བརྒྱུད་བགྲོ་གླེང་ནང་མཉམ་ཞུགས་གནང་ཐུབ་པའི་གོ་སྒྲིག་ཞུས་ཡོད་ཅེས་གསུངས་སོང་།

ཉིན་དྲུག་གི་བགྲོ་གླེང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ནུབ་གླིང་གི་ཚན་རིག་པ་དང་བོད་ཀྱི་མཁས་དབང་ཚོ་དང་མཉམ་དུ་བགྲོ་གླེང་གནང་རྒྱུ་ཡིན་པ་དང་།   དེ་ཡང་ཐེངས་འདིའི་བགྲོ་གླེང་གི་བརྗོད་དོན་གཙོ་བོ་སེམས་དང་།   སྲོག  ཀླད་པ།  བེམ་རྫས།  དེ་བཞིན་ཕྱིའི་ཡུལ་ཁམས་ཀྱི་གནས་ལུགས་དང་།    ཤེས་པའི་དཀའ་གནད།   སེམས་ཀྱི་རང་བཞིན་དང་བྱེད་ལས།   སྒོམ་སྒྲུབ་ཉམས་ལེན་དང་ཚན་རིག་ཉམས་ཞིབ་དབར་མཉམ་ལས་་བྱེད་རྒྱུ་གང་ཡོད་མེད་སོགས་ཀྱི་སྐོར་དང་།  གཞན་ཡང་ཚན་རིག་གི་འཕེལ་རིམ་དང་ལོ་རྒྱུས།  དེའི་ང་ཚོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་སེམས་ཀྱི་གནས་ལུགས་གོ་རྟོགས་བྱེད་ཚུལ་ལ་གསར་བརྗེ་ཇི་ལྟར་བྱས་ཡོད།    ཚན་རིག་དང་སྲོལ་རྒྱུན་ནང་པའི་ལྟ་གྲུབ་ཀྱི་དོགས་གཅོད་བྱེད་ཐབས་དང་།  ཚད་རྡུལ་དངོས་ཁམས་རིག་པ་དང་དབང་རྩའི་ཚན་རིག    དེང་དུས་ནུབ་ཕྱོགས་པ་དང་ནང་པའི་ཤེས་པའི་ཐད་ཀྱི་བསམ་ཚུལ་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་རེད་ཅེས་སོགས་གསུངས་སོང་།

གཞན་ཡང་ཉིན་དྲུག་གི་རིང་གི་སེམས་དང་སྲོག་གི་བགྲོ་གླིང་གི་ཉིན་རེའི་ཚོགས་འདུ་སྡེ་ཚན་མང་པོ་ཕྱེས་ཡོད་པ་དང་།   སྔ་དྲོ་༧གོང་ས་མཆོག་དང་ཚན་རིག་པ་ཚོའི་དབར་ཆོས་ཀྱི་ཉམས་ལེན་དང་ལྟ་ཚུལ་ཐོག་ནས་འབྲེལ་བརྗོད་བྱེད་རྒྱུ་ཡོད་པའི་སློབ་གཞི་རེ་རེ་བཞིན་བགྲོ་གླེང་གནང་རྒྱུ་དང་།  ཉིན་རྒྱབ་ཚན་རིག་པ་ཚོ་དང་གྲྭ་བཙུན་ཚོ་ལྷན་དུ་སློབ་ཁྲིད་བྱེད་ཐབས་དང་འབྲེལ།   ནུབ་ཕྱོགས་ཚན་རིག་པའི་ལྟ་གྲུབ་རྙེད་དོན་དང་ཐབས་ལམ་སྐོར་ལ་བཀའ་མོལ་གནང་རྒྱུ།   ཕྱི་དྲོ་ཚོགས་ཐེངས་མཐའ་མར་དྲི་བ་དྲིས་ལན་དང་།    དགོང་མོར་ཚན་རིག་དང་འབྲེལ་བའི་ལག་བསྟར་བྱེད་ལས་ཁག་གི་ཐད་དམིགས་བསལ་བགྲོ་གླེང་གཏམ་བཤད་གནང་རྒྱུ་ཡིན་པ་བཅས་རེད་འདུག །
མོན་གྷོ་གསར་འགོད་པས།