རྩེད་མོ་བར་དྲག་གནོན།

    དེ་ཡང་པཱ་ཀི་སི་ཐན་གྱི་སྲིད་བློན་གྱིས། འཇིགས་སྐུལ་བ་དེ་དག་རྒྱ་གར་གྱི་ས་མཚམས་བརྒྱུད་ནས་པཱ་ཀི་སི་ཐན་ནང་དུ་འཛུལ་ཡོད་པས།  དྲག་གནོན་འདིའི་རྒྱབ་ཕྱོགས་སུ་རྒྱ་གར་གཞུང་གི་ངན་ཇུས་ཡོད་ཚུལ་དང༌། འདས་ལོའི་ནང་རྒྱ་གར་གྱི་གྲོང་ཁྱེར་མོའན་བྷེ་རུ་འཇིགས་སྐུལ་རིང་ལུགས་པ་མངོན་སུམ་འཛེམས་མེད་ཀྱིས་ཐང་སྟེང་དུ་ཐོན་ནས་དྲག་གནོན་བྱེད་མྱོང་བ་ལྟར། དེ་རིང་པཱ་ཀི་སི་ཐན་གྱི་རྒྱལ་སར་ལཱ་ཧོར་དུ་གོ་མཚོན་རང་འགྲིག་གིས་འཇིགས་སྐུལ་བྱེད་སྟངས་འདི་ནི། མོནཱ་བྷེ་ནང་དྲག་གནོན་བྱས་པར་དགྲ་ཤ་ལེན་པའི་ངན་ཇུས་ཡིན་པ་དང༌། དོན་རྐྱེན་འདི་ནི་རྒྱ་གར་གཞུང་གིས་པཱ་ཀི་སི་ཐན་དང་ལྷན་དུ། དམག་འཁྲུག་རྒྱག་དགོས་པ་ཁྱབ་བསྒྲགས་བྱས་པ་ཞིག་རེད་ཅེས། བརྙན་འཕྲིན་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    ཡིན་ཡང་རྒྱ་གར་གཞུང་ཕྱོགས་ནས། ཞིབ་འཇུག་དཔྱིད་ཕྱིན་པ་དང་དཔང་རྟགས་གསལ་བོ་གང་ཡང་མེད་པའི་བསྒྲགས་གཏམ་དེ། ངོས་ལེན་རྩ་བ་ནས་བྱ་ཐབས་མེད་པ་དང༌། ད་དུང་པཱ་ཀི་སི་ཐན་གྱི་ས་ཁུལ་ཁག་ཏུ་འཇིགས་སྐུལ་རིང་ལུགས་པའི་གསང་བའི་ལྟེ་གནས་མང་བ་འདིས།  དེང་སྐབས་འཇིགས་སྐུལ་རིང་ལུགས་པ་མང་དུ་འགྲོ་བཞིན་པ་དང༌། ལྷག་དོན་དེ་རིང་གི་དྲག་གནོན་འདིས་འཛམ་གླིང་ཡོངས་ལ་འཇིགས་སྐུལ་བྱས་པ་ཞིག་རེད་ཅེས་དང༌། འཛམ་གླིང་ལ་ཉེན་ཚབས་ཆེ་བའི་འཇིགས་སྐུལ་བའི་ལྟེ་གནས་དེ་དག རྩ་མེད་གཏོང་རྒྱུའི་འགན་གཙོ་བོ་དེ་པཱ་ཀི་སི་ཐན་ལ་ཡོད་ཚུལ་དང༌། ཁས་བཤད་པ་ཙམ་མིན་པར་ལག་ལེན་དངོས་ཀྱི་གོམ་སྟབས་ཤིག པཱ་ཀི་སི་ཐན་ངོས་ནས་འགོ་འཛུགས་དགོས་པའི་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།     
    དྲག་གནོན་བྱས་པའི་ཉིན་ ༡ གི་རྗེས་ཏེ་ཟླ་འདིའི་ཚེས་ ༥ ཉིན་པཱ་ཀི་སི་ཐན་དུ་དོགས་གཞི་ཡོད་པའི་མི་གྲངས་ ༢༤ འཛིན་བཟུང་བྱས་ཡོད་པ་དང༌། མང་ཆེ་བ་ཨ་བྷི་གཱ་རྡིན་སི་ཐན་གྱི་མི་སེར་ཡིན་པ་དང༌། ལོ་ན་ ༢༠ ནས་ ༣༠ བར་གྱི་ན་གཞོན་གོ་མཚོན་ཡོད་མཁན་ཤ་སྟག་ཡིན་འདུག གསང་བའི་ཞིབ་འཇུག་སྡེ་ཚན་གྱིས། དོགས་གཞི་ཅན་གྱི་མི་འགའ་རེའི་གྱོན་གོས་ལ་ཁྲག་འགོས་ནས་ལྷག་ཡོད་ཚུལ་སོགས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་རྗེས་པཱ་ཀི་སི་ཐན་གྱི་སྲིད་འཛིན་གྱིས། ང་ཚོས་ལྕགས་ཀྱི་ལག་པ་བཟོས་ནས་རིག་པ་བསྒྲིམས་དགོས་པ་དང༌། འཇིགས་སྐུལ་རིང་ལུགས་སམ་ཡང་ན་ཕྱོགས་ལྷུང་རིང་ལུགས་གང་ཡིན་ཡང༌། ང་ཚོའི་ངོས་ནས་ད་ལྟའི་བར་ཞི་མོལ་བྱེད་མྱོང་མེད་ལ་བྱེད་རྒྱུ་ཡང་མིན། ད་ལྟའི་སྤྱི་ཚོགས་ཁྲོད་མི་ཤི་གོད་ཆག་གི་འགན་ཡོངས་རྫོགས། ཊ་ལའི་བྷན་སོགས་འཇིགས་སྐུལ་རིང་ལུགས་པར་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།
    ཨ་རི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་གོ་སྐབས་འདི་དང་བསྟུན། པཱ་ཀི་སི་ཐན་གཞུང་ལ་འཇིགས་སྐུལ་རིང་ལུགས་ཀྱིས་བཙན་ས་བཟུང་ཡོད་པ་རྣམས་ལ་སྟངས་འཛིན་དགོས་ཚུལ་དང༌། ཟླ་བ་སྔོན་མར་པཱ་ཀི་སི་ཐན་གྱི་གྲོང་གསེབ་སི་ཝ་ཐིའ་ཟེར་བར། ཊ་ལའི་བྷན་གྱི་འཇབ་རྒོལ་དམག་དཔུང་གཏན་འཇགས་སྡོད་ཆོག་པའི་ཐོབ་ཐང་སྤྲད་པ་དེ། ཧ་ཅང་ནོར་འཁྲུལ་ཤོར་བའི་སྲིད་ཇུས་ཡིན་ཚུལ་སོགས་བརྗོད་ནས། པཱ་ཀི་སི་ཐན་གྱི་ས་ཁུལ་ཁག་ཏུ་གསང་ཡིབ་བྱས་ནས་བསྡད་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་དང་ཕྱོགས་ལྷུང་རིང་ལུགས་པ། འཇབ་རྒོལ་དམག་དཔུང་སོགས་པཱ་ཀི་སི་ཐན་གྱི་གཞུང་ངོས་ནས་རྩ་མེད་གཏོང་དགོས་པའི་སྐུལ་ལྕགས་ནན་པོ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།